ཀྲུང་ལོའི་ལྕགས་ལམ་འཁོར་སྐྱོད་ཀྱི་ལོ་3རིང་རིམ་རྩིས་བརྒྱབ་ན་འགྲུལ་པ་མི་ཐེངས་ཁྲི་4300ལྷག་ཙམ་སྐྱེལ་འདྲེན་བྱས་པ།
རིམ་རྩིས་བརྒྱབ་ན་དངོས་ཟོག་ཏུན་ཁྲི་4830སྐྱེལ་འདྲེན་བྱས་པ།
འདི་ནི་ཟླ་12ཚེས་3ཉིན་ལོ་སི་ནས་ཡོང་བའི་མེ་འཁོར་ཞིག་ཀྲུང་ལོའི་ལྕགས་ལམ་མོ་ཧན་བབས་ཚུགས་སུ་འབྱོར་བ། (མི་མེད་གནམ་གྲུས་བླངས་པའི་པར)
གསར་འགོད་པར་ཀྲུང་གོ་རྒྱལ་ཁབ་ལྕགས་ལམ་ཚོགས་པ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བར། ཀྲུང་ལོའི་ལྕགས་ལམ་ཤར་གཏོང་འཁོར་སྐྱོད་བྱས་ནས་ལོ་3སོང་རིང་སྐྱེལ་འདྲེན་བདེ་འཇགས་བརྟན་པོ་བྱུང་ཞིང་། ཟླ་12ཚེས་2ཉིན་བར། རིམ་རྩིས་བརྒྱབ་ན་འགྲུལ་པ་མི་ཐེངས་ཁྲི་4300ལྷག་ཙམ་དང་དངོས་ཟོག་ཏུན་ཁྲི་4830སྐྱེལ་འདྲེན་བྱས་ཡོད།
འགྲུལ་པ་དང་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་རྒྱུན་མཐུད་འཕར་ཞིང་། ཤར་གཏོང་འཁོར་སྐྱོད་བྱས་ཚུན་ཀྲུང་ལོའི་ལྕགས་ལམ་གྱིས་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་རྒྱུན་མཐུད་འཕར་བ་དང་། ལམ་ཐིག་ཧྲིལ་པོའི་ཟླ་རེར་འགྲུལ་པ་སྐྱེལ་ཚད་དེ་ཤར་གཏོང་ཐུབ་མ་ཐག་པའི་མི་ཐེངས་ཁྲི་60ནས་མིག་སྔའི་མི་ཐེངས་ཁྲི་160བར་མང་དུ་ཕྱིན་ཡོད། རྒྱལ་ནང་དུམ་བུར་ཉིན་རེར་ཆ་སྙོམས་འགྲུལ་སྐྱེལ་མེ་འཁོར་གཏོང་ཚད་མེ་འཁོར་8ནས་མང་ཤོས་སུ་མེ་འཁོར་86བར་མང་དུ་ཕྱིན་ནས་རིམ་རྩིས་བརྒྱབ་ན་འགྲུལ་པ་མི་ཐེངས་ཁྲི་3560སྐྱེལ་འདྲེན་བྱས་ཡོད། ལོ་སིའི་དུམ་བུར་ཉིན་རེར་ཆ་སྙོམས་འགྲུལ་སྐྱེལ་མེ་འཁོར་གཏོང་ཚད་མེ་འཁོར་4ནས་མང་ཤོས་སུ་མེ་འཁོར་16བར་མང་དུ་ཕྱིན་ནས་རིམ་རྩིས་བརྒྱབ་ན་འགྲུལ་པ་མི་ཐེངས་ཁྲི་740ལྷག་ཙམ་སྐྱེལ་འདྲེན་བྱས་ཡོད། དངོས་ཟོག་སྐྱེལ་འདྲེན་ཐད། ཀྲུང་གོ་དང་ལོ་སི་རྒྱལ་ཁབ་གཉིས་པོའི་ལྕགས་ལམ་སྡེ་ཚན་གྱིས་དངོས་ཟོག་སྐྱེལ་འདྲེན་སྒྲིག་འཛུགས་ལ་ཤུགས་སྣོན་བརྒྱབ་ནས་སྐྱེལ་འདྲེན་ནུས་པ་དང་ལས་ཕྱོད་ཆེ་རུ་བཏང་བར། ཉིན་རེར་རྒྱལ་སྒྲོལ་དངོས་ཟོག་མེ་འཁོར་གཏོང་ཚད་ཤར་གཏོང་བྱས་མ་ཐག་པའི་མེ་འཁོར་2ནས་མིག་སྔའི་མེ་འཁོར་18བར་མང་དུ་ཕྱིན་པ་དང་། རིམ་རྩིས་བརྒྱབ་ན་རྒྱལ་སྒྲོལ་དངོས་ཟོག་ཏུན་ཁྲི་1060སྐྱེལ་འདྲེན་བྱས་ཡོད། “ཀྲུང་ལོའི་ལྕགས་ལམ་དང་ཀྲུང་ཡོའི་དུས་གཏན་མེ་འཁོར་ཟུང་དུ་འབྲེལ་བ”སོགས་རྒྱལ་སྤྱིའི་སྐྱེལ་འདྲེན་བྱེད་སྟངས་གསར་པ་འཚོལ་ཞིབ་ཧུར་ཐག་བྱས་པས། ལོ་སི་དང་ཐེ་ལན་སོགས་རྒྱལ་ཁབ་ནས་ཡོ་རོབ་བར་གྱི་ཐད་ཀར་ལྕགས་ལམ་སྐྱེལ་འདྲེན་ཐུབ་པའི་དུས་ཚོད་ཉིན་15བར་ཐུང་དུ་ཕྱིན་པ་དང་། ཚོང་ཟོག་སྣ་ཁ་རིགས་3000ལྷག་ཙམ་བར་མང་དུ་ཕྱིན་ཡོད། ཁུན་མིང་ནས་ལོ་སི་བརྒྱུད་ཐེ་ལན་བར་གྱི་ཟོག་འདྲེན་མ་གནས་30%ནས་50%བར་དམའ་རུ་ཕྱིན་པ་དང་། ལོ་སི་རྒྱལ་ནང་གི་སྐྱེལ་འདྲེན་མ་གནས་20%ནས་40%བར་དམའ་རུ་ཕྱིན་ཡོད།
ཁྱབ་འགྱེད་ནུས་པ་ཆེ་རུ་མངོན་གསལ་དོད་པོ་ཕྱིན་ཞིང་། ཀྲུང་ལོའི་ལྕགས་ལམ་གྱིས་མི་འགྲུལ་དང་། ཟོག་འགྲུལ། དངུལ་འགྲུལ། འཕྲིན་འགྲུལ་བཅས་ཇེ་མགྱོགས་སུ་བཏང་བས་ལམ་རྒྱུད་ཀྱི་ཐོན་ཁུངས་གསར་སྤེལ་ལ་སྐུལ་འདེད་ཐེབས་ཤིང་། ཝན་ཐེན་སའེ་སེ་ཐཱ་ཕྱོགས་བསྡུས་གསར་སྤེལ་ཁུལ་དུ་རྒྱལ་ཁབ་དང་ས་ཁུལ་9ཡི་ཁེ་ལས་154བཅའ་སྡོད་བྱས་པ་དང་། ལོ་རེའི་ཐོན་རྫས་རིན་ཐང་ཨ་སྒོར་དུང་ཕྱུར་20ལས་བརྒལ་ཡོད། མོ་ཏིང་དཔལ་འབྱོར་དམིགས་བསལ་ཁུལ་དུ་ཚོང་དོན་ཟོག་འགྲུལ་དང་རིག་གནས་ཡུལ་སྐོར་སོགས་ཀྱི་ཁེ་ལས་891གིས་གན་རྒྱ་བཞག་པ་དང་། རིམ་རྩིས་བརྒྱབ་ན་མ་འཇོག་དངུལ་གྲངས་ཨ་སྒོར་དུང་ཕྱུར་10.4ཟིན་ཡོད་པ་རེད།