ཕྱི་འབྲེལ་པུས་ཧའེ་ནན་རང་མོས་ཚོང་དོན་གྲུ་ཁའི་གོ་ལ་ཧྲིལ་པོའི་འོས་སྦྱོར་ངོ་སྤྲོད་བྱེད་སྒོ་གཉེར་བ།
ཟླ་12ཚེས་4ཉིན། ཕྱི་འབྲེལ་པུའི་ཚོམས་ཆེན་སྔོན་པོར“ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ས་གནས་ལག་ལེན་ཏེ། ཧའེ་ནན་རང་མོས་ཚོང་དོན་གྲུ་ཁ། དུས་རབས་གསར་པ། ལས་འགན་གསར་པ། གོ་སྐབས་གསར་པ”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་ཕྱི་འབྲེལ་པུའི་ཧའེ་ནན་རང་མོས་ཚོང་དོན་གྲུ་ཁའི་གོ་ལ་ཧྲིལ་པོའི་འོས་སྦྱོར་ངོ་སྤྲོད་བྱེད་སྒོ་གཉེར་ཞིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཕྱི་འབྲེལ་པུའི་པུའུ་ཀྲང་ཝང་དབྱི་ཕེབས་པ་དང་འབྲེལ་ཤིས་ཚིག་ཀྱང་བསྒྲོན་པ་རེད། ཀྲུང་གོར་བཅའ་སྡོད་རྒྱལ་ཁབ་160ལྷག་ཙམ་གྱི་གཞུང་ཚབ་དང་དཔོན་རིགས་དང་། ཀྲུང་གོར་བཅའ་སྡོད་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འཐུས་མི། ཀྲུང་དབྱང་པུའུ་ཨུད་དང་ས་གནས་ཀྱི་འཐུས་མི། ཁེ་ལས་དང་རྒྱལ་སྤྱིའི་ཚོང་ལས་མཐུན་ཚོགས་ཀྱི་འཐུས་མི་སོགས་མི་500ལྷག་ཙམ་ཞུགས་ཡོད་པ་རེད།
ཝང་དབྱི་ཡིས། ཧའེ་ནན་རང་མོས་ཚོང་དོན་གྲུ་ཁ་སྐྲུན་པ་ནི་ཀྲུའུ་ཞི་ཞི་ཅིན་ཕིང་སྐུ་ངོ་མས་འཆར་འགོད་གནང་བ་དང་སྐུ་ངོ་མས་སྐུལ་འདེད་མཛད་པའི་དུས་རབས་གསར་པའི་སྒྱུར་བཅོས་སྒོ་དབྱེའི་འཐབ་ཇུས་བྱེད་ཐབས་གལ་ཆེན་ཞིག་རེད། ལོ་6གི་རིང་། ཏང་ཀྲུང་དབྱང་གི་འགོ་ཁྲིད་འོག་ཧའེ་ནན་གྱིས་གཞི་ཁྱོན་ཧ་ཅང་ཆེ་བའི་རྒྱལ་ནང་གི་ཁྲོམ་རར་བརྟེན་པ་དང་རྒྱལ་སྤྱིའི་ཚད་གཞི་མཐོ་བའི་དཔལ་འབྱོར་ཚོང་དོན་གྱི་སྒྲིག་སྲོལ་དང་འབྲེལ་མཐུད་བྱས་པས་རང་མོས་ཚོང་དོན་གྲུ་ཁ་འཛུགས་སྐྲུན་རྣམ་པ་རགས་ཙམ་གྲུབ་ཅིང་། ཁེ་ལས་སྔར་བས་མང་བ་མ་འཇོག་ལས་དར་བྱེད་པར་ཡོང་རྒྱུའི་ཡིད་དབང་འཕྲོག་ནས་སྒོ་དབྱེ་ཡར་བརྩོན་གྱི་ཉམས་བཟང་གསར་པ་མངོན་ཡོད་ཅེས་བརྗོད་ཡོད།
ཝང་དབྱི་ཡིས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་ཕྱོགས་ཀྱིས་མཉམ་ལས་གཉིས་ཕན་གྱི་འདུ་ཤེས་གཞིར་བཟུང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་གྲུབ་འབྲས་གསར་པར་བརྟེན་ནས་འཛམ་གླིང་གི་འཕེལ་རྒྱས་ལ་གོ་སྐབས་གསར་པ་རྒྱུན་ཆད་མེད་པར་མཁོ་འདོན་བྱེད་པ་མ་ཟད། ཕྱོགས་ཁག་དང་མཉམ་དུ་ཞི་བའི་འཕེལ་རྒྱས་དང་། གཉིས་ཕན་མཉམ་ལས། ཐུན་མོང་དར་རྒྱས་བཅས་ཀྱི་འཛམ་གླིང་དེང་རབས་ཅན་མངོན་འགྱུར་ཡོང་བར་སྐུལ་འདེད་ཧུར་ཐག་བཏང་ནས་རྒྱལ་ཁབ་ཁག་གི་མི་དམངས་ལ་བདེ་སྐྱིད་སྔར་བས་ལེགས་པ་སྐྲུན་འདོད་ཡོད་ཅེས་གསུངས་ཡོད། ཀྲུང་གོས་སྒོ་དབྱེ་འཕེལ་རྒྱས་དང་། གསར་གཏོད་འཕེལ་རྒྱས། ལྗང་མདོག་འཕེལ་རྒྱས། བསྟུན་མཁས་འཕེལ་རྒྱས། ཞི་བའི་འཕེལ་རྒྱས་བཅས་མཐའ་འཁྱོངས་བྱེད་ཀྱི་ཡིན་ཞེས་བརྗོད་པ་རེད།