དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོར་བཅའ་སྡོད་ཨ་རབ་རྒྱལ་ཁབ་ཀྱི་གཞུང་ཚབ་པ་ཧྥུའུ་ཅན་དུ་བསྐྱོད་པ།

    མཚོ་ཐོག་དར་གོས་ལམ་བུའི་གཏམ་རྒྱུད་ཉན་ནས་ཀྲུང་གོ་དང་ཨ་རབ་ཀྱི་མཛའ་གྲོགས་འབྲེལ་ཟམ་འཛུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ལི་ཧུའེ་ཡིང་དང་ཧྥུའུ་མིན།   |     སྤེལ་དུས།  2024-12-07

    ཧྥུའུ་ཅན་ནི་གནའ་བོའི་མཚོ་ཐོག་དར་གོས་ལམ་བུའི་ཤར་ཕྱོགས་ཀྱི་འགོ་འཛུགས་ས་ཞིག་དང་དུས་རབས་21པའི་མཚོ་ཐོག་དར་གོས་ལམ་བུའི་ལྟེ་བའི་ཁུལ་ཞིག་རེད།

    ཉེ་ཆར་ཀྲུང་གོར་བཅའ་སྡོད་ཨ་རབ་རྒྱལ་ཁབ་ཀྱི་གཞུང་ཚབ་པ་19ཧྥུའུ་ཅན་དུ་བསྐྱོད་ནས། མཚོ་ཐོག་དར་གོས་ལམ་བུའི་རིག་གནས་ཀྱི་ལོ་རྒྱུས་དང་སྙིང་དོན་ཉམས་ལེན་དང་། དུས་རབས་21པའི་མཚོ་ཐོག་དར་གོས་ལམ་བུའི་ལྟེ་བའི་ཁུལ་འཛུགས་སྐྲུན་གྱི་གསོན་ཤུགས་དང་རྣམ་པར་མྱོང་རོལ་བྱས་པ་རེད།

    ཟླ་11ཚེས་29ཉིན་ནས་ཟླ་12ཚེས་3ཉིན་བར་ཀྲུང་གོར་བཅའ་སྡོད་ཨ་རབ་རྒྱལ་ཁབ་ཀྱི་གཞུང་ཚབ་ཚོགས་པ་ཞ་མོན་དང་། ཆོན་ཀྲོའུ། ཧྥུའུ་ཀྲོའུ་བཅས་སུ་ལྟ་སྐོར་དང་འཚམས་འདྲིར་ཕེབས་པ་རེད། ཞ་མོན་ཁོའོ་ཧྭ་གྲངས་གཞི་མ་རྐང་ཚད་ཡོད་ཀུང་སིར་འོད་ཤུགས་དང་། ནུས་གསོག གློག་དྲ་ཆུང་གྲས་སོགས་ཁྱབ་ཁོངས་ཀྱི་ཐོན་ལས་གསར་གཏོད་ཀྱི་ཚ་རླབས་ལ་གཞུང་ཚབ་པ་དོ་ཁུར་ཆེན་པོ་བྱུང་བ་རེད། ཀྲུང་གོར་བཅའ་སྡོད་སི་རི་ཡའི་གཞུང་ཚབ་ཆེ་མོ་བ་ཧ་སང་ནེས་ཀྲུང་གོའི་གསར་དར་ཐོན་ལས་ཁྱབ་ཁོངས་ལ་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་པ་དང་ཀྲུང་གོའི་ནུས་རྒྱུ་གསར་པའི་ཐོན་ལས་འཕེལ་རྒྱས་དེ་འཛམ་གླིང་གི་མདུན་གྲལ་དུ་སླེབས་ཡོད། སི་རི་ཡར་ཉི་འོད་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པས་ཀྲུང་གོ་དང་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་གཉིས་ཁེ་གཉིས་ཕན་གཏིང་ཟབ་ཡོང་བའི་རེ་བ་ཡོད་ཅེས་བརྗོད་པ་རེད།

    ཅི་མེ་སློབ་ཆེན་དུ་གཞུང་ཚབ་ཚོགས་པས་སློབ་གྲྭའི་ལོ་རྒྱུས་ཁང་དང་མཚོ་འགྲུལ་སློབ་གླིང་གི་གཙོ་གནད་ཚོད་ལྟ་ཁང་སོགས་ལ་ལྟ་སྐོར་བྱས་པ་དང་། སྲོལ་རྒྱུན་གྱི་འབྲུག་རྩེད་སེང་རྩེད་དང་དྲག་རྩལ་འཁྲབ་སྟོན་ལ་བལྟས་ཤིང་། སྤེལ་རེས་དང་བཞུགས་མོལ་གྱི་རྣམ་པ་ཧ་ཅང་འཁྲུག་པོ་ཡོད་པ་རེད། གཞུང་ཚབ་པ་ཚོས་ཨ་ཀྲུང་མཉམ་ལས་ཐད་མུ་མཐུད་དགེ་མཚན་ལྡན་པ་དང་སྒོ་དབྱེའི་རྣམ་འགྱུར་མངོན་གྱི་ཡོད་པས་ཨ་རབ་རྒྱལ་ཁབ་ཁག་གི་གཞོན་ནུ་སློབ་མ་དེ་བས་མང་བ་ཅི་མེ་སློབ་ཆེན་དུ་སློབ་སྦྱོང་དང་ཟབ་སྦྱོང་བྱེད་པར་བསྐྱོད་དེ། ཨ་ཀྲུང་མཐོ་རིམ་སློབ་གསོའི་ཐད་ཀྱི་མཉམ་ལས་ཟབ་ཏུ་གཏོང་རྒྱུའི་རེ་བ་ཡོད་ཅེས་བརྗོད་པ་རེད།

    ཧྥུའུ་ཅན་གྱི་ཤར་ལྷོའི་མཚོ་རྒྱུད་གྲོང་ཁྱེར་ཆོན་ཀྲོའུ་ལ་སུང་དང་ཡོན་རྒྱལ་རབས་ཀྱི་དུས་སུ“ཤར་ཕྱོགས་ཀྱི་གྲུ་ཁ་ཆེ་ཤོས”ཞེས་སུ་གྲགས་པ་དང་མ་ཁོ·པོ་ལོའི་ཡུལ་སྐོར་ཟིན་ཐོ་དང་ལོ་རྒྱུས་ཀྱི་དཔྱད་གཞིའི་ཡིག་རིགས་རབ་དང་རིམ་པར“མཚོ་རླབས་ཀྱི་སྒྲའི་ཁྲོད་ཀྱི་རྒྱལ་ཁབ་མང་པོའི་ཚོང་པའི”འཁྲུག་ཆ་དོད་པའི་རྣམ་པ་དེ་གསོན་ཉམས་དོད་པའི་སྒོ་ནས་ཟིན་ཐོར་བཀོད་ཡོད།

    ཆོན་ཀྲོའུ་ཡི་ཕྱི་རྒྱལ་འགྲིམ་འགྲུལ་གྱི་ལོ་རྒྱུས་རྟེན་མཛོད་ཁང་གི་ཚོམས་ཆེན་དུ། མོ་རོ་ཁོའི་གྲགས་ཅན་ཡུལ་སྐོར་བ་ཨ་རབ་པ་དབྱི་པིན·པའེ་ཐུའུ་ཐའེ་ཡི་འཇིམ་བརྙན་ཡོད་པ་དང་། ཀྲུང་གོར་བཅའ་སྡོད་མོ་རོ་ཁོའི་གཞུང་ཚབ་ཆེ་མོ་བ་ཨན་ས་ལིས“དབྱི་པིན·པའེ་ཐུའུ་ཐའེ་ནི་དུས་རབས་14པར་ཆོན་ཀྲོའུ་ཡི་ལོ་རྒྱུས་གྲགས་ཅན་གྲོང་ཁྱེར་དེར་སླེབས་པ་དང་ཨ་ཀྲུང་དབར་གྱི་སྤེལ་རེས་དང་འགྲོ་འོང་གི་ལོ་རྒྱུས་ཡུན་རིང་པོ་ཡོད”ཅེས་བརྗོད་པ་རེད།

    “ཆོན་ཀྲོའུ་ཡིས་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་དབར་གྱི་གཏིང་ཟབ་ལ་ཡུན་རིང་བའི་མཛའ་གྲོགས་ཀྱི་དཔང་པོ་བྱེད་ཐུབ”ཅེས་ཀྲུང་གོར་བཅའ་སྡོད་ཨོ་མན་གཞུང་ཚབ་ཁང་གི་གཞུང་ཚབ་མན་ཙེ་ལིས་ཆོན་ཀྲོའུ་ཡི་ལོ་རྒྱུས་ཀྱི་རྗེས་ཤུལ་མང་པོ་ལས། ཕྱོགས་གཉིས་པོའི་མཛའ་གྲོགས་དེ་ས་ཁོངས་དང་དུས་དང་བར་སྟོང་ལས་བརྒལ་བ་དང་ལོ་རྒྱུས་དུས་ཡུན་རིང་ལ་དེ་བས་མཛེས་སྡུག་ལྡན་པ་ཞིག་ཡིན་པ་གསལ་བཤད་བྱེད་ཐུབ་ཅེས་བརྗོད།

    ཆོན་ཀྲོའུ་ཡི་མངོན་མིན་རིག་གནས་ཤུལ་བཞག་ཁང་དུ་འཚམས་འདྲི་ཚོགས་པའི་གཞུང་ཚབ་པ་ཚོས་རྡོ་བརྐོས་དང་། རས་བརྐོས་རི་མོ། གསང་ཐག་ཟློས་གར། ཀའོ་ཅ་ཟློས་གར་བཅས་ཀྱི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུཌ་མྱོང་ཚོར་ཐུབ་ནས། མངོན་མིན་རིག་གནས་ཤུལ་བཞག་བཟོ་ཁང་གི་མཉམ་འགུལ་བྱེད་སྒོའི་ནང་སྤྲོ་སྣང་ཆེན་པོས་ཧུར་ཐག་ཞུགས་པ་དང་ཟློས་གར་ཁང་ཆུང་ངུའི་ནང་གི་ཧྥུའུ་ཅན་གྱི་སྒྲ་གདངས་ཉམས་འགྱུར་ལ་བལྟས་པ་དང་གསང་ཐག་ཟློས་གར་ཚོད་ལྟ་བྱས་པར་ཁོང་ཚོའི་བསྔགས་བརྗོད་ཡང་ཡང་ཐོབ་པ་རེད།

    ཀྲུང་གོར་བཅའ་སྡོད་ལེ་པ་ནོན་གྱི་གཞུང་ཚབ་ཆེ་མོ་བ་ཅ་པུར་གྱི་ངོས་ནས་བརྗོད་ན། ཉེ་བའི་ལོ་ཤས་རིང་ཀྲུང་གོས་རིག་གནས་ཤུལ་བཞག་གི་ཕུན་སུམ་ཚོགས་པོ་དང་སྣ་མང་ཅན་སྲུང་སྐྱོང་བྱེད་པའི་ཐད་འབད་བརྩོན་བྱས་པར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། ཨ་རབ་ཕྱོགས་ཀྱིས་ཀྲུང་གོའི་སྔོན་ཐོན་ཉམས་མྱོང་སློབ་སྦྱོང་དང་མི་ཆོས་རིག་གནས་སྤེལ་རེས་དང་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།

    གཞུང་ཚབ་པ་ཚོས་ཧྥུའུ་ཅན་ལ་སྐྱེ་སྟོབས་ཀྱི་དཔལ་འབར་བ་དང་ཉིན་རེ་བཞིན་རྣམ་པ་གསར་པ་མངོན་པ་དང་། ཀྲུང་གོའི་རྒྱུན་མཐུད་སྒོ་དབྱེ་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་མྱོང་ཚོར་ཟབ་མོ་ཐུབ་པ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་རྣམ་པ་ཧ་ཅང་མང་བ་བཅས་མཐོང་བ་དང་། དེ་དག་ལས་འཛམ་གླིང་འཕེལ་རྒྱས་ལ་གསོན་ཤུགས་དང་འགུལ་ནུས་སྣོན་ཐུབ་རྒྱུ་རེད་ཅེས་བརྗོད་པ་རེད།

    ཀྲུང་གོར་བཅའ་སྡོད་དབྱི་རག་གི་གཞུང་ཚབ་པ་མུའུ་ཧན་མོ་ཏེས“ཀྲུང་གོའི་གྲོང་ཁྱེར་ཚང་མར་ཡིད་དབང་འཕྲོག་ཤུགས་ཆེན་པོ་ལྡན་པས་ཀྲུང་གོའི་ས་ཆ་དེ་བས་མང་བར་ལྟ་སྐོར་བྱེད་པར་འགྲོ་རྒྱུའི་རེ་བ་ཡོད”ཅེས་བརྗོད་པ་དང་ཁོང་གིས་བརྙན་ཐུང་བརྒྱུད་སྣ་མང་ཕུན་སུམ་ཚོགས་པའི་ཧྥུའུ་ཅན་དུ་སྐྱོད་པའི་སྐོར་བཀོད་པ་མ་ཟད། ད་དུང་བརྙན་ཐུང་དེ་མི་སྒེར་གྱི་སྤྱི་ཚོགས་འབྲེལ་བའི་དྲ་ཚིགས་ཐོག་སྤེལ་བས་དྲ་གྲོགས་མང་པོ་ཞིག་གི་མོས་བསྟོད་དང་དཔྱད་གཏམ་ཐོབ་ཡོད། ཁོང་གིས་འབྱུང་འགྱུར་ཨ་ཀྲུང་གི་མཛའ་གྲོགས་འགྲོ་འོང་ལ་སྐུལ་འདེད་བཏང་ནས་དར་གོས་ལམ་བུའི་མཛའ་གྲོགས་རྒྱུན་མཐུད་བྱས་ཏེ་ཨ་ཀྲུང་མཛའ་གྲོགས་ཀྱི་སྦྲེལ་ཟམ་ཐུན་མོང་ཐོག་འཛུགས་པའི་རེ་བ་ཡོད་ཅེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།