ཀྲུང་གོའི་ཁེ་ལས་ཀྱིས་དབྱི་རག་ཏུ་དཔེ་སྟོན་སློབ་གྲྭ་1000སྐྲུན་འགན་ཁུར་བ།
——“དབྱི་རག་གི་ཕུགས་ཀྱི་འཕེལ་རྒྱས་ཆེད་རེ་བའི་ས་བོན་འདེབས་ཀྱི་ཡིན”
ཞོགས་པ་སྔ་པོ་ནས་དབྱི་རག་གི་རྒྱལ་ས་པ་ཀ་ཏའི་ནུབ་འདབས་སུ་སློབ་གོས་གཙང་མར་གྱོན་པའི་སློབ་མ་གཅིག་རྗེས་གཉིས་མཐུད་ངང་འབྱོར་བས། སྤྱོད་འགོ་ཚུགས་ནས་ཡུན་རིང་མ་སོང་བའི་ཡིའུ་ཧྥ་ལ་ཏི་སློབ་འབྲིང་རིམ་བཞིན་འཁྲུག་ཆ་དོད་དུ་སོང་། ཡིའུ་ཧྥ་ལ་ཏི་སློབ་འབྲིང་ནི་ཀྲུང་གོའི་ཁེ་ལས་ཀྱིས་སྐྲུན་འགན་ཁུར་བའི་དབྱི་རག་གི་ཁག་དང་པོའི་དཔེ་སྟོན་སློབ་གྲྭ་1000གི་གྲས་ཤིག་ཡིན་ཞིང་། སློབ་གྲྭ་དེ་དག་ཇུས་འགོད་སྔོན་ཐོན་ཆེ་ལ། བྱེད་ནུས་འཐུས་སྒོ་ཚང་བ་དང་སྤུས་ཚད་ལེགས་པས། དབྱི་རག་གི་དམངས་ཚོགས་ཚོས“ཀྲུང་གོའི་སློབ་གྲྭ”ཞེས་བརྩེ་བ་ཆེན་པོས་བརྗོད་ཀྱི་ཡོད།
“དབྱི་རག་གི་ཆབ་སྲིད་ཀྱི་འདུ་འགོད་དང་དམངས་འཚོའི་འདུ་འགོད་གལ་ཆེན་ཞིག་རེད”
2020ལོར། སློབ་ལོ་ལོན་པའི་བྱིས་པ“སློབ་གྲྭ་འགྲིམ་དཀའ་བའི”གནད་དོན་ཐག་གཅོད་བྱ་ཆེད། དབྱི་རག་སྲིད་གཞུང་གིས་2030ལོའི་གོང་དཔེ་སྟོན་སློབ་གྲྭ་8000སྐྲུན་རྩིས་ཡོད་པ་དང་འབྲེལ། དེ་དག་ཆེས་ཁ་ཚ་དགོས་གཏུགས་ཀྱི་ཆབ་སྲིད་ཀྱི་འདུ་འགོད་དང་དམངས་འཚོའི་འདུ་འགོད་ཀྱི་གྲས་སུ་འཇུག་རྒྱུའི་གཏན་འབེབས་བྱས་ཡོད། 2021ལོར། ཀྲུང་གོ་དང་དབྱི་རག་དབར་ཀྲུང་གོ་ཕྱོགས་ཀྱིས་དབྱི་རག་ལ་དཔེ་སྟོན་སློབ་གྲྭ་1000སྐྲུན་རོགས་བྱེད་པའི་མཉམ་ལས་གྲོས་མཐུན་བཞག་པ་རེད། དེའི་ནང་ཀྲུང་གོ་གློག་ཤུགས་འཛུགས་སྐྲུན་ཚོགས་པ་ཚད་ཡོད་ཀུང་སིས(གཤམ་དུ“ཀྲུང་གོ་གློག་ཤུགས་འཛུགས་སྐྲུན”ཞེས་བསྡུ་རྒྱུ)སྐྲུན་འགན་ཁུར་བའི་སློབ་གྲྭ་679ཡོད་པ་དེ་དག་དབྱི་རག་གི་ཞིང་ཆེན་10རུ་ཁྱབ་ཡོད།
ལས་འགོ་ཚུགས་ཚུན། ཀྲུང་གོའི་ཁེ་ལས་ཀྱིས་ཐོག་མཐའ་བར་གསུམ་དུ་སྤྱི་ཚོགས་ཀྱི་ཕན་འབྲས་ཨང་དང་པོར་བཞག་ནས་དཀའ་ངལ་སྣ་ཚོགས་ཁྱད་བསད་ཀྱིས་རྣམ་གྲངས་ལ་དུས་བཀག་བཞིན་སྐུལ་འདེད་གཏོང་ཐུབ་པའི་འགན་ལེན་བྱས་ཡོད། ཟླ་11ཚེས་23ཉིན་དབྱི་རག་གི་ཙུང་ལི་སུའུ་ཏ་ཉི་ཡིས་བརྙན་ལམ་ནས་དཔེ་སྟོན་སློབ་གྲྭ་790ལས་མཇུག་འགྲིལ་བའི་མཛད་སྒོ་གཙོ་སྐྱོང་བྱས་ཤིང་། ཁོང་གིས་དཔེ་སྟོན་སློབ་གྲྭའི་རྣམ་གྲངས་ནི་དབྱི་རག་སྲིད་གཞུང་གི་རྣམ་གྲངས་གལ་ཆེ་ཤོས་ཀྱི་གྲས་ཤིག་རེད། སློབ་གྲྭ་བསྐྲུན་ནས་རྩིས་སྤྲད་པ་དང་འབྲེལ། སྤྱོད་འགོ་ཚུགས་པ་དེས་དབྱི་རག་ཏུ་སློབ་གྲྭ་མི་འདང་བའི་དཀའ་ངལ་བསལ་ཡོད་ཅེས་བརྗོད།
ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ལས་མཇུག་འགྲིལ་བའི་མཛད་སྒོར་ཞུགས་པའི་སློབ་གྲྭའི་ནང་ཀྲུང་གོ་གློག་ཤུགས་འཛུགས་སྐྲུན་གྱིས་སྐྲུན་འགན་ཁུར་བའི་སློབ་གྲྭ་556ཚུད་ཡོད་པ་དང་། པ་ཀ་ཏ་དང་། ཅི་ཅར། ཁར་པ་ལ། པ་ཧྲི་ལ། མུའུ་ས་ནཱ་སོགས་ཞིང་ཆེན་ལྔ་ནས་ཡོང་བའི་རྣམ་གྲངས་ཀྱི་དོ་བདག་འཐུས་མི་དང་རྣམ་གྲངས་ཚོགས་པ་སོགས་བརྙན་ལམ་མཛད་སྒོར་ཞུགས་ཡོད།
“རྣམ་གྲངས་འཆར་འགོད་ནས་ཨར་ལས་ཀྱི་ལྷུ་ཚིགས་རེ་རེའི་བར་ང་ཚོས་ཡག་ཐོག་ཡག་བརྩེགས་ཡོང་གང་ཐུབ་བྱེད་ཀྱི་ཡོད”
དབྱི་རག་གི་ཤར་རྒྱུད་སྨི་སང་ཞིང་ཆེན་གྱི་ལྟེ་བའི་གྲོང་ཁྱེར་ཨ་མཱ་ལ་གྲོང་ཁྱེར་གྱི་བསྐྲུན་ཟིན་པའི་སློབ་གྲྭ་ཞིག་ཏུ་སློབ་མའི་ཁྱིམ་བདག་མང་པོ་ལྟ་སྐོར་གྱི་གྲ་སྒྲིག་བྱེད་བཞིན་ཡོད་ཅིང་། གྲོང་མི་ཨ་པུའུ་ཏུའུ་ལ་ཡིས་ལོ་11ལ་སོན་པའི་ཕྲུ་གུ་ཨ་ལི་འཁྲིད་དེ་སློབ་ཁང་རེ་རེ་བཞིན་ལ་ལྟ་སྐོར་བྱེད་པ་དང་། ཁོང་གིས་ཕྲུ་གུ་ཚོ་ཁྱིམ་དང་དེ་བས་ཐག་ཉེ་བའི་སློབ་གྲྭར་སློབ་སྦྱོང་བྱ་རྒྱུ་བྱུང་བར་དགའ་ཚོར་ཆེན་པོ་བྱེད་ཀྱི་ཡོད། ཨ་ལི་ཡིས“འདི་གའི་སློབ་གྲྭ་དང་། ཡུལ་ལྗོངས། སློབ་ཁང་བཅས་དངོས་གནས་ཡག་པོ་འདུག”ཅེས་བསྔགས་བརྗོད་ཡང་ཡང་བྱེད་ཀྱི་ཡོད།
སློབ་གྲྭའི་ཐོག་ཁང་གཙོ་བོར་ལྟ་སྐོར་བྱས་རྗེས་སློབ་གྲྭའི་རྒྱབ་ཕྱོགས་མཁོ་སྒྲུབ་སྒྲིག་བཀོད་འཛུགས་སྐྲུན་གྱི་གཙོ་འགན་འཁུར་མཁན་རྣམ་གྲངས་ལག་རྩལ་ཆེ་མོ་བ་མུའུ་ཧན་མོ་ཏེས་རང་འགུལ་ངང་གསར་འགོད་པ་ཐོག་ཁང་ལ་ལྟ་བར་འགྲོ་རྒྱུའི་རེ་བ་བཏོན་ཞིང་། མུའུ་ཧན་མོ་ཏེས“དབྱི་རག་ཏུ་དབྱར་ཁ་ཚ་བ་ཧ་ཅང་ཆེ་བས་ཕྲུ་གུ་ཚོས་ཆུ་མང་པོ་འཐུང་དགོས་ཀྱི་ཡོད། ཁྱེད་ཀྱིས་གཟིགས་དང་། རྣམ་གྲངས་ཀྱིས་སྒྲིག་སྦྱོར་བྱས་པའི་འཐུང་ཆུའི་འཕྲུལ་ཆས་ལ་ཕན་ཐོགས་ཆེན་པོ་ཡོད། ཕ་གིར་གཟིགས་དང་། གསང་སྤྱོད་དེ་གཙང་ལ་གྲལ་འགྲིག་པོ་ཡོད། ཀྲུང་གོའི་ཁེ་ལས་ཀྱིས་བསྐྲུན་པའི་རྣམ་གྲངས་སྤུས་ཚད་ལེགས་པོ་འདུག དམངས་འཚོའི་འདུ་འགོད་འདི་ལྟ་བུར་ཞུགས་ནས་དབྱི་རག་གི་སློབ་གསོའི་ཆ་རྐྱེན་ལེགས་སུ་གཏོང་བར་ནུས་ཤུགས་འདོན་རྒྱུ་བྱུང་བས་ང་རང་དགའ་ཚོར་ཆེན་པོ་སྐྱེ་གི་འདུག”ཅེས་བརྗོད།
སྨི་སང་ཞིང་ཆེན་གྱི་དཔེ་སྟོན་སློབ་གྲྭའི་རྣམ་གྲངས་ནི་ཀྲུང་གོ་གློག་ཤུགས་འཛུགས་སྐྲུན་ཀུང་སིའི་ཁོངས་གཏོགས་ཧྲན་ཏུང་གློག་ཤུགས་འཛུགས་སྐྲུན་ཀུང་སིས་སྐྲུན་འགན་འཁུར་བ་ཞིག་རེད། རྣམ་གྲངས་ཀྱི་ཅིང་ལི་ལི་ཆང་གིས“སྨི་སང་ཞིང་ཆེན་དུ་ཁྱོན་དཔེ་སྟོན་སློབ་གྲྭ་52ཡོད་པ་ལས། དེའི་ནང་སློབ་གྲྭ་13བསྐྲུན་ནས་རྩིས་སྤྲད་པ་དང་། སློབ་གྲྭ་26ལ་ལྟ་སྐུལ་དོ་དམ་བྱས་ནས་རྩིས་རགས་ཙམ་སྤྲད་པ་ཡིན། འདི་ནི་ཧྲན་ཏུང་གློག་ཤུགས་འཛུགས་སྐྲུན་ཀུང་སིའི་ཕྱི་རྒྱལ་གྱི་སློབ་གསོའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་རྣམ་གྲངས་ཆེ་ཤོས་ཤིག་ཡིན། རྣམ་གྲངས་འཆར་འགོད་ནས་ཨར་ལས་ཀྱི་ལྷུ་ཚིགས་ཚང་མའི་བར་ང་ཚོས་ཡག་ཐོག་ཡག་བརྩེགས་ཡོང་གང་ཐུབ་བྱས་ཡོད། རྣམ་གྲངས་འཛུགས་སྐྲུན་བྱས་པ་བརྒྱུད་དབྱི་རག་གི་སྤྱི་ཚོགས་སློབ་གསོ་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ནས་ས་གནས་དེ་གའི་དམངས་འཚོ་ལེགས་སུ་གཏོང་ཆེད་ལེགས་སྐྱེས་འབུལ་རྒྱུའི་རེ་བ་ཡོད”ཅེས་བརྗོད།
“ཤེས་བྱ་སྦྱོང་འདོད་བྱེད་པའི་དབྱི་རག་གི་ཕྲུ་གུ་དེ་བས་མང་བའི་ཕུགས་འདུན་མངོན་འགྱུར་བྱེད་ཀྱི་ཡིན”
དཔེ་སྟོན་སློབ་གྲྭའི་རྣམ་གྲངས་ཀྱིས་པ་ཀ་ཏར་སློབ་གྲྭ་རིགས་4ཡི་སློབ་གྲྭ་144བསྐྲུན་རྩིས་ཡོད་པ་དེ་དག་པ་ཀ་ཏའི་ལྷོ་བྱང་རྒྱུད་ཀྱི་སྤྱི་ལེ་100ཙམ་དང་ཤར་ནུབ་རྒྱུད་ཀྱི་སྤྱི་ལེ་55ཙམ་གྱི་ཁོངས་སུ་ཁྱབ་ཡོད།
པ་ཀ་ཏ་སློབ་གསོ་ཅུས་ཀྱི་མཐོ་རིམ་གཙོ་འགན་འཁུར་མཁན་ཧྥེ་ལིར·ནཱ་ཅི·ཨ་མིང་གིས“ས་གནས་དེ་གའི་དམངས་ཚོགས་ཀྱིས་ཀྲུང་གོའི་ཁེ་ལས་ཀྱིས་སྐྲུན་འགན་འཁུར་བའི་དཔེ་སྟོན་སློབ་གྲྭར‘ཀྲུང་གོའི་སློབ་གྲྭ’ཞེས་བརྩེ་བ་ཆེན་པོས་བརྗོད་ཀྱི་ཡོད། འདི་ལས་ཀྲུང་གོའི་ཁེ་ལས་ཀྱི་འཛུགས་སྐྲུན་ཆུ་ཚད་མཐོ་པོ་དང་ས་གནས་དེ་གའི་དམངས་ཚོགས་ཀྱིས་ཀྲུང་གོར་བཅངས་པའི་མཛའ་གྲོགས་ཀྱི་བརྩེ་སེམས་གང་ལེགས་མཚོན་གྱི་ཡོད། ཁྱིམ་ཚང་དང་བྱིས་པ་ཚང་མར་སློབ་གསོ་ནི་དོན་སྙིང་གལ་ཆེན་ལྡན་པ་ངས་གསལ་པོ་ཤེས་ཀྱི་ཡོད། ཀྲུང་གོའི་ཁེ་ལས་ཀྱིས་འབད་བརྩོན་ཧུར་ཐག་བྱས་ནས་ཤེས་བྱ་སྦྱོང་འདོད་བྱེད་པའི་དབྱི་རག་གི་ཕྲུ་གུ་དེ་བས་མང་བའི་ཕུགས་འདུན་མངོན་འགྱུར་བྱས་པར་ཐུགས་རྗེ་ཆེ་ཞུ་གི་ཡིན”ཞེས་བརྗོད།
ཀྲུང་གོ་གློག་ཤུགས་འཛུགས་སྐྲུན་དབུས་ཤར་ས་ཁུལ་དང་ཨ་ཧྥེ་རི་ཁ་བྱང་མའི་ས་ཁོངས་སྤྱི་ཁྱབ་པུའི་སྤྱི་ཁྱབ་ཅིང་ལི་གཞོན་པ་དང་དབྱི་རག་རྒྱལ་ཁབ་ཀྱི་འཐུས་མི་གཅིག་ལྕོགས་ལི་ཏེ་ཀྲིས། དཔེ་སྟོན་སློབ་གྲྭའི་རྣམ་གྲངས་ནི་དབྱི་རག་གི་སློབ་ལོ་ལོན་པའི་བྱིས་པ་སློབ་ཞུགས་དང་སློབ་གསོའི་མ་ལག་བསྐྱར་སྐྲུན་བྱེད་པ་དང་འབྲེལ་བ་ཡོད་པའི་དམངས་འཚོའི་འདུ་འགོད་ཅིག་རེད། ཀྲུང་གོ་གློག་ཤུགས་འཛུགས་སྐྲུན་ཀུང་སིས་ནུས་ཤུགས་ཡོད་རྒུས་འདུ་འགོད་རྩེ་གྲ་བཏོད་དེ་ཀྲུང་གོ་དང་དབྱི་རག་གི་སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་ལེགས་སྐྱེས་ཕུལ་ཡོད་ཅེས་བརྗོད་པ་རེད།