དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • རྩ་ཁྲིམས་ཀྱི་དགོངས་དོན་དར་སྤེལ་བཏང་སྟེ་རང་ལྗོངས་ཀྱི་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་གཏོང་ལ་གཡས་གཞོགས་གཡོན་འདེགས་བྱེད་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-12-06

    ལྷ་ས་གྲོང་ཁྱེར་གྱིས་ཁྲིམས་ལུགས་ཁྱབ་གདལ་གྱི་གྲུབ་འབྲས་འགྲེམས་སྟོན་སྐབས་དང་པོ་བྱས་ནས“ལོ་ལྔ་ཚན་བརྒྱད་པའི”ཁྲིམས་ལུགས་ཁྱབ་གདལ་ལས་དོན་སྤེལ་ཚུན་གྱི་གཡུར་ཟའི་གྲུབ་འབྲས་གསོན་ཉམས་དོད་པོས་འགྲེམས་སྟོན་བྱས་པ་དང་། ལྷོ་ཁ་གྲོང་ཁྱེར་ཁྲིམས་འཛིན་སྲིད་འཛིན་ལས་ཁུངས་ཀྱིས་མཉམ་འབྲེལ་དྲ་རྒྱའི་བསམ་གཞིག་དང་སྨྱན་སྦྱོར་ཧྲིལ་པོའི་ལྟ་ཕྱོགས་ནས་རིག་ནུས་ཁྲིམས་ལུགས་ཁྱབ་གདལ་བཏང་བ་དང་མཛུབ་རྩེའི“སྤྲིན་སྟེགས”ལ་བརྟེན་ནས་མང་ཚོགས་ཀྱི་ཁྲིམས་སྦྱོང་སྤྱོད་ཀྱི་ལམ་བུ་བཏོད་པ། གཞིས་རྩེ་གྲོང་ཁྱེར་ཁྲིམས་འཛིན་ཅུས་ཀྱིས་མཐའ་མཚམས་སུ་ཁྲིམས་སྐྱོང་རིག་རྩལ་བྱེད་སྒོ་སྤེལ་ནས། མང་ཚོགས་ཀྱི་དགོས་མཁོ་སྐོང་བའི“ཁྲིམས་སྐྱོང་དགོས་མཁོའི་མངགས་ཐོ”རྒྱ་ཁྱབ་ཏུ་བསྡུ་རུབ་བྱས་པ་ལ་སོགས། རྒྱལ་ཁབ་ཀྱི་རྩ་ཁྲིམས་ཉིན་མོ་ཐེངས་བཅུ་གཅིག་པ་དང“རྩ་ཁྲིམས་དྲིལ་བསྒྲགས་གཟའ་འཁོར”ཐེངས་བདུན་པ་འཆར་ཉེའི་སྐབས་འདིར། རང་ལྗོངས་ཀྱི་ས་གནས་ཁག་དང་སྡེ་ཚན་ཁག་གིས་རྣམ་པ་སྣ་ཚོགས་དང་ནང་དོན་ཕུན་སུམ་ཚོགས་པའི་བརྗོད་དོན་གཙོ་བོའི་བྱེད་སྒོ་རབ་དང་རིམ་པ་སྤེལ་ཏེ། རྩ་ཁྲིམས་ཀྱི་དགོངས་དོན་དང་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་དགོངས་དོན་དར་སྤེལ་ཤུགས་ཆེན་བཏང་བ་དང་སྤྱི་ཚོགས་ཡོངས་ཀྱིས་རྩ་ཁྲིམས་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་རྒྱུར་སྐུལ་འདེད་བཏང་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལེའུ་གསར་པ་རྩོམ་པར་ཁྲིམས་སྐྱོང་གི་ཁོར་ཡུག་ཡག་པོ་བཏོད་ཡོད།

    རྩ་ཁྲིམས་ནི་རྒྱལ་སྐྱོང་བདེ་འགོད་ཀྱི་སྤྱིའི་སྒྲིག་ཡིག་དང་། རང་རེའི་ཏང་གི་རྒྱལ་སྐྱོང་སྲིད་འཛིན་གྱི་རྩ་བའི་བཅའ་ཁྲིམས་ཀྱི་གཞི་འཛིན་ས། རྒྱལ་ཁབ་ཀྱི་ཆབ་སྲིད་དང་སྤྱི་ཚོགས་འཚོ་བའི་ཆེས་མཐོའི་བཅའ་ཁྲིམས་ཀྱི་ཚད་གཞི་བཅས་རེད།

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་རྩ་ཁྲིམས་དེ་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་འཐབ་ཇུས་བཀོད་སྒྲིག་གི་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ཁར། རྩ་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་རྒྱུ་དང་རྩ་ཁྲིམས་ལྟར་སྲིད་སྐྱོང་རྒྱུ་མཐའ་འཁྱོངས་ཀྱིས་རྩ་ཁྲིམས་ཀྱི་རིགས་པའི་གཞུང་ལུགས་དང་རྩ་ཁྲིམས་ལག་ལེན་གསར་གཏོད་ལ་བློ་གཤོག་ཆེན་པོས་སྐུལ་འདེད་བཏང་སྟེ། རང་རྒྱལ་གྱི་རྩ་ཁྲིམས་ལམ་ལུགས་ཀྱི་མངོན་གསལ་དོད་པའི་ལེགས་ཆ་དེ་རྒྱལ་ཁབ་བཅོས་སྐྱོང་གི་ནུས་ཕྱོད་དུ་སྔར་བས་འགྱུར་རྒྱུར་སྐུལ་འདེད་བཏང་ཡོད། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ལག་བསྟར་གཏིང་ཟབ་བྱས་ཏེ། རྩ་ཁྲིམས་ཀྱི་ལ་རྒྱ་དང་དབང་གྲགས་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་པ་དང་། ཁྲིམས་སྐྱོང་བོད་ལྗོངས་འཛུགས་སྐྲུན་ལ་ཚད་མཐོའི་མཐོང་ཆེན་བྱས་པ། ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་བཏང་བ། རྩ་ཁྲིམས་ལྟེ་བར་བཟུང་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བཅའ་ཁྲིམས་མ་ལག་གི་དྲིལ་བསྒྲགས་སློབ་གསོར་སྐུལ་འདེད་གཏིང་ཟབ་བཏང་བས། སྤྱི་ཚོགས་ཡོངས་ཀྱི་ཁྲིམས་སྐྱོང་འདུ་ཤེས་མངོན་གསལ་དོད་པོས་ཟབ་ཏུ་ཕྱིན་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་འཛུགས་སྐྲུན་གྱི་ཕན་འབྲས་མངོན་གསལ་དོད་དུ་ཕྱིན་ནས། གངས་ལྗོངས་ས་མཐོར་ཁྲིམས་ལྟར་བོད་སྐྱོང་མཐའ་འཁྱོངས་བྱེད་པའི་བརྗིད་ཆེའི་དཔེ་རིས་ཤིག་ས་མཐོ་ནས་རིམ་བཞིན་ཐོན་དང་ཐོན་མུས་ལགས།

    ད་ལོའི“རྩ་ཁྲིམས་དྲིལ་བསྒྲགས་གཟའ་འཁོར”གྱི་བརྗོད་དོན་གཙོ་བོ་ནི“རྩ་ཁྲིམས་ཀྱི་དགོངས་དོན་དར་སྤེལ་ཤུགས་ཆེན་བཏང་ནས་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་གཏོང་ལ་སྐུལ་འདེད་གཏོང་དགོས”ཞེས་པ་དེ་རེད། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པས་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་གི་སྤྱིའི་དམིགས་ཚད་ཁ་གསལ་བཟོས་ཡོད་ལ། “ངེས་པར་དུ་རྩ་ཁྲིམས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་རྩ་ཁྲིམས་ཀྱི་དབང་གྲགས་ལ་སྲུང་སྐྱོང་བྱེད་དགོས”ཞེས་ནན་བཤད་ཀྱང་བྱས་ཡོད། སྒྱུར་བཅོས་དང་ཁྲིམས་སྐྱོང་གཉིས་ནི་གཅིག་རམ་གཅིག་འདེགས་དང་གཅིག་ལ་གཅིག་བརྟེན་ཡིན་སྟབས། སྒྱུར་བཅོས་ཟབ་ཏུ་གཏོང་རྒྱུ་དེ་ཁྲིམས་སྐྱོང་གི་སྲུང་སྐྱོང་དང་ཁ་འབྲལ་ཐབས་མེད་ལ། ཁྲིམས་སྐྱོང་མངོན་འགྱུར་བྱེད་པར་སྒྱུར་བཅོས་ལ་བརྟེན་ནས་སྐུལ་འདེད་གཏོང་དགོས་པའི་བླང་བྱ་འདོན་ངེས་རེད། མིག་སྔར་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། “དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་རྒྱག་པ། སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་དང་། “ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”གི་སྤྱིའི་བླང་བྱ་དོན་འཁྱོལ། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་སྲ་བརྟན། མཐའ་སྲུང་སྲ་བརྟན་དང་མཐའ་མཚམས་བདེ་འཇགས་ལ་འགན་ལེན། བོད་དུ་ཏང་གི་སྲིད་འཛིན་རྨང་གཞི་བརྟན་གཏོང་སོགས་ལ་དམིགས་ནས་སྒྱུར་བཅོས་ཟབ་ཏུ་གཏོང་བ་བཅས་ཀྱི་ཐད། རྩ་ཁྲིམས་ཀྱི་དབང་གྲགས་དང་ལ་རྒྱར་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་། རྩ་ཁྲིམས་འཐུས་ཚང་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། རྒྱལ་སྐྱོང་སྲིད་འཛིན་ཁྲོད་ཀྱི་རྩ་ཁྲིམས་ཀྱི་ནུས་པ་གལ་ཆེན་དེ་བས་འདོན་སྤེལ་ལེགས་པོ་བྱེད་པ། རྩ་ཁྲིམས་ཀྱི་རྩ་དོན་དང་དགོངས་དོན་དེ་རྩ་ཁྲིམས་ཀྱི་རིག་གནས་གལ་ཆེན་དུ་འགྱུར་བར་བྱེད་པ། མི་རིགས་ཁག་གི་མང་ཚོགས་ཀྱི་སེམས་སུ་གཏིང་ཟབ་ཟུག་པ་བཅས་བྱས་ནས། རྩ་ཁྲིམས་ལ་བརྩི་བཀུར་དང་། རྩ་ཁྲིམས་ལ་སློབ་སྦྱོང་། རྩ་ཁྲིམས་ལ་བརྩི་སྲུང་། རྩ་ཁྲིམས་ལ་སྲུང་སྐྱོང་། རྩ་ཁྲིམས་བེད་སྤྱོད་བཅས་ཀྱི་སྟོབས་ཤུགས་ཆེན་པོ་ཞིག་ཏུ་འགྱུར་བ་བྱེད་དགོས་པའི་བླང་བྱ་མི་འདོན་མཁན་གཅིག་ཀྱང་མེད།

    རྩ་ཁྲིམས་ཀྱི་སྲོག་རྩ་ནི་ལག་བསྟར་བྱ་རྒྱུར་ཐུག་ལ། རྩ་ཁྲིམས་ཀྱི་དབང་གྲགས་ཀྱང་ལག་བསྟར་བྱ་རྒྱུར་ཐུག་ཡོད། རྒྱང་ལམ་གསར་པར་རྩ་ཁྲིམས་ཀྱི་དགོངས་དོན་མི་སེམས་ལ་གཏིང་ཟབ་ཟུག་པ་དང་རྩ་ཁྲིམས་ལག་བསྟར་བྱ་རྒྱུ་དེ་རང་རྟོགས་ཀྱི་བྱ་སྤྱོད་ཅིག་ཏུ་འགྱུར་བ་བྱས་ཚེ། གཞི་ནས་རྩ་ཁྲིམས་ཀྱི་རྨང་གཞི་སྔར་བས་བརྟན་དུ་གཏོང་ཐུབ་ལ། རྩ་ཁྲིམས་ཀྱི་ཟིལ་ཤུགས་བརྟན་དུ་འགྲོ་བ་དང་རྩ་ཁྲིམས་ཀྱི་ཕན་འབྲས་ཀྱང་ཟམ་མི་ཆད་པར་མངོན་གསལ་དོད་དུ་འགྲོ་ཐུབ། རྒྱལ་ཁབ་ཀྱི་རྩ་ཁྲིམས་ཉིན་མོ་དང“རྩ་ཁྲིམས་དྲིལ་བསྒྲགས་གཟའ་འཁོར”གོ་སྐབས་སུ་བྱས་ཏེ། ཤེས་བྱ་ཁྱབ་གདལ་དུ་གཏོང་རྒྱུ་དང་། རིགས་པའི་གཞུང་ལུགས་ལ་རྒྱས་བཤད་བྱ་རྒྱུ། འདུ་ཤེས་ཀྱིས་ཕྱོགས་ཡོངས་ནས་ཤུགས་རྒྱག་རྒྱུར་ཁྲིད་སྟོན་བྱ་རྒྱུ་བཅས་མཐའ་འཁྱོངས་བྱེད་པ། རྩ་ཁྲིམས་དང་བཅའ་ཁྲིམས་གོང་དུ་བཀུར་བ། བཅའ་ཁྲིམས་ཀྱི་མདུན་དུ་མི་ཚང་མ་འདྲ་མཉམ་ཡིན་པ། དབང་ཆ་ཁྲིམས་ཀྱིས་གཏན་འཁེལ་བྱེད་པ། དབང་ཆ་ཁྲིམས་ལྟར་སྤྱོད་པ་སོགས་ཀྱི་གཞི་རྩའི་ཁྲིམས་སྐྱོང་འདུ་ཤེས་བརྟན་པོ་བཙུགས་ནས་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཚོའི་རྩ་ཁྲིམས་ཀྱི་དད་སེམས་རིམ་བཞིན་བརྟན་དུ་གཏོང་ཐུབ་པ་བྱེད་དགོས། “འགག་རྩའི་ཉུང་ཤས”ཡིན་པའི་འགོ་ཁྲིད་ལས་བྱེད་པར་དམ་འཛིན་དང་། གཞོན་ནུ་ལོ་ཆུང་དང་དྲ་དམངས་སོགས་གཙོ་གནད་ཚོགས་སྤྱིར་དམ་འཛིན། རྩ་ཁྲིམས་དྲན་གསོ་དང་། རྩ་ཁྲིམས་དམ་འཇོག རྩ་ཁྲིམས་སློབ་གཞི་རྩོམ་སྒྱུར་སོགས་གཙོ་གནད་གཞི་རྟེན་ལ་དམ་འཛིན། སློབ་གྲྭ་དང་། སྡེ་ཁུལ། སྨྱན་སྦྱོར་སོགས་གཙོ་གནད་གཡུལ་སར་དམ་འཛིན་བཅས་བྱས་ཏེ། རྩ་ཁྲིམས་དྲིལ་བསྒྲགས་སློབ་གསོ་རྒྱུན་མཐུད་གཏིང་ཟབ་སྤེལ་དགོས། རྒྱལ་ཡོངས་ཀྱི་དམངས་གཙོ་ཁྲིམས་སྐྱོང་དཔེ་སྟོན་གྲོང་ཚོ་འཛུགས་གཏོད་དང་།“བཅའ་ཁྲིམས་ཤེས་མཁན”གསོ་སྐྱོང་། ཁྲིམས་སྦྱོང་ཁྲིམས་སྤྱོད་དཔེ་སྟོན་དུད་ཚང་གསོ་སྐྱོང་བཅས་ཀྱི“འདུ་འགོད་ཆེན་པོ་གསུམ”ལ་སྐུལ་སྤེལ་གཏིང་ཟབ་གཏོང་བ་དང་། རྩ་ཁྲིམས་དྲིལ་བསྒྲགས་སློབ་གསོ་ཁྱབ་ཚད་དང་གཏིང་ཟབ་ཚད་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ། རྩ་ཁྲིམས་དེ་ཉིད་ལས་རིགས་ཁག་ལ་ཁྱབ་པ་དང་། རྒྱུན་ལྡན་གྱི་འཚོ་བར་ཁྱབ་པ། མི་དམངས་མང་ཚོགས་དང་ཉེ་བཅར་བཅས་ཡོང་བ་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།