ཞི་ཅིན་ཕིང་གིས་ནེ་པ་ལའི་ཙུང་ལི་ཨའོ་ལི་དང་མཇལ་འཛོམས་གནང་བ།
ཟླ་12ཚེས་3ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་ཏེའོ་ཡུས་ཐའེ་རྒྱལ་མགྲོན་ཁང་དུ་ཀྲུང་གོར་དངོས་གཞིའི་འཚམས་འདྲིར་ཕེབས་པའི་ནེ་པ་ལའི་ཙུང་ལི་ཨའོ་ལི་དང་མཇལ་འཛོམས་གནང་བ།
ཟླ་12ཚེས་3ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་ཏེའོ་ཡུས་ཐའེ་རྒྱལ་མགྲོན་ཁང་དུ་ཀྲུང་གོར་དངོས་གཞིའི་འཚམས་འདྲི་གནང་བར་ཕེབས་པའི་ནེ་པ་ལའི་ཙུང་ལི་ཨའོ་ལི་དང་མཇལ་འཛོམས་གནང་བ་རེད།
ཞི་ཅིན་ཕིང་གིས་ཙུང་ལི་ཨའོ་ལིས་དུས་ཡུན་རིང་པོའི་ནང་ཀྲུང་ནེའི་མཛའ་གྲོགས་བྱ་གཞག་ལ་བློ་བརྟན་འགྱུར་མེད་ངང་གཞོལ་བར་བསྔགས་བརྗོད་གནང་བ་མ་ཟད། ཀྲུང་གོ་དང་ནེ་པ་ལ་ནི་རི་ཆུ་འབྲེལ་བའི་ཁྱིམ་མཚེས་ཡག་པོ་དང་། གྲོགས་པོ་ཡག་པོ། རོགས་ཟླ་ཡག་པོ་བཅས་ཡིན་པ་དང་རྒྱལ་ཁབ་གཉིས་པོས་ཐོག་མཐའ་བར་གསུམ་དུ་ལྷག་བསམ་རྣམ་དག་དང་། ཕན་ཚུན་བརྩི་འཇོག ཕན་ཚུན་རྒྱབ་སྐྱོར་བཅས་བྱས་པར་བརྟེན་ཕྱོགས་གཉིས་པོའི་འབྲེལ་བ་སྐྱོན་བྲལ་དང་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུ་རྒྱུན་འཁྱོངས་ཐུབ་ཡོད། སང་ལོ་ནི་ཀྲུང་ནེའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་70འཁོར་བའི་ལོ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་ནེའི་འབྲེལ་བ་དེ་མཐའ་འཁོར་ཕྱི་འབྲེལ་གྱི་གནས་བབ་གལ་ཆེན་ཐོག་བཞག་ནས་ནེ་པ་ལ་ཕྱོགས་དང་མཉམ་དུ་ཕྱི་འབྲེལ་འཛུགས་པའི་ཐོག་མའི་བསམ་འདུན་མཐའ་འཁྱོངས་དང་སྲོལ་རྒྱུན་གྱི་མཛའ་གྲོགས་བརྟན་དུ་བཏང་སྟེ། ཀྲུང་ནེའི་འཕེལ་རྒྱས་དང་དར་རྒྱས་ལ་ཕྱོགས་པའི་མི་རབས་ནས་མི་རབས་བར་གྱི་མཛའ་གྲོགས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བར་འཕེལ་རྒྱས་གསར་པ་དེ་བས་ཆེ་བ་ཐོབ་པར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ནེ་པ་ལས་རང་རྒྱལ་ཁབ་ཀྱི་རྒྱལ་བབ་དང་འཚམ་པའི་འཕེལ་རྒྱས་ཀྱི་འགྲོ་ལམ་བདམས་པར་ཀྲུང་གོ་ཕྱོགས་ཀྱིས་བརྩི་འཇོག་བྱ་རྒྱུ་མ་ཟད། ནེ་པ་ལས་རྒྱལ་ཁབ་ཀྱི་རང་བཙན་དང་། བདག་དབང་། མངའ་ཁོངས་ས་ཆ་ཆ་ཚང་བཅས་ལ་སྲུང་སྐྱོང་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ལ། ནེ་པ་ལ་ཕྱོགས་དང་འཐབ་ཇུས་ཀྱི་ཡིད་ཆེས་བྱེད་རེས་རྒྱུན་ཆད་མེད་པར་བརྟན་ཏུ་བཏང་ནས་ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་བློ་བརྟན་འགྱུར་མེད་ངང་ཕན་ཚུན་རྒྱབ་སྐྱོར་བྱེད་འདོད་ཡོད། ཀྲུང་ནེའི་ཧི་མ་ལ་ཡ་བརྒལ་བའི་ཕྱོགས་བསྡུས་སྦྲེལ་མཐུད་ཀྱི་དྲ་རྒྱ་འཛུགས་རྒྱུ་དེ་བསམ་བཀོད་ནས་དོན་དངོས་སུ་འགྱུར་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ནེ་པ་ལ་ཕྱོགས་དང་དངོས་སྒྲུབ་མཉམ་ལས་མུ་མཐུད་ཟབ་ཏུ་གཏོང་བ་དང་། སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པ། འགག་སྒོ་དང་། འགྲིམ་འགྲུལ། གློག་དྲ། འཕྲིན་གཏོང་སོགས་ཕན་ཚུན་སྦྲེལ་མཐུད་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། ནེ་པ་ལ“སྐམ་ས་བསྡོམས་པའི་རྒྱལ་ཁབ”ནས“སྐམ་ས་འབྲེལ་བའི་རྒྱལ་ཁབ”ལ་སྒྱུར་མགྱོགས་སུ་གཏོང་རོགས་བྱེད་པ། ནུས་པས་ལྕོགས་ཚོད་ཀྱི་ཁྱབ་ཁོངས་ནང་ནེ་པ་ལའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་མུ་མཐུད་རྒྱབ་སྐྱོར་བྱེད་པ། ཀྲུང་གོའི་ཁེ་ལས་ནེ་པ་ལར་མ་འཇོག་ལས་དར་བྱེད་པར་བསྐྱོད་རྒྱུར་སྐུལ་ལྕག་བྱེད་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ནེ་པ་ལས་ཀྲུང་གོར་2025ལོ“ནེ་པ་ལའི་ཡུལ་སྐོར་ལོར”གཏན་འཁེལ་བྱ་རྒྱུའི་ཁྱབ་བསྒྲགས་བྱས་པར་རྒྱབ་སྐྱོར་བྱ་རྒྱུ་དང་ནེ་པ་ལའི་གྲོགས་པོ་ཀྲུང་གོར་ཚོང་གཉེར་དང་། ཡུལ་སྐོར། སློབ་སྦྱོང་བཅས་ལ་ཡོང་བར་དགའ་བསུ་ཞུ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཀྱང་ནེ་པ་ལ་ཕྱོགས་དང་མཉམ་དུ་མཉམ་འབྲེལ་རྒྱལ་ཚོགས་སོགས་ཕྱོགས་མང་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་བརྒྱབ་ནས་རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་ཁེ་ཕན་ལ་སྲུང་སྐྱོང་བྱེད་འདོད་ཡོད།
ཨའོ་ལིས་གསུངས་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གི་མཁས་མཛངས་ལྡན་པའི་འགོ་ཁྲིད་འོག ཀྲུང་གོར་འཕེལ་རྒྱས་ཀྱི་གྲུབ་འབྲས་ཆེན་པོ་ཐོབ་པ་དེ་ནི་མིའི་རིགས་ཡར་ཐོན་ལོ་རྒྱུས་ཁྲོད་ཀྱི་ངོ་མཚར་ཞིག་རེད་ཅེས་བརྗོད་ཆོག་པས། ཀྲུང་གོའི་གྲོགས་པོ་ཡིན་པའི་ནེ་པ་ལར་སྤོབས་པ་ཆེན་པོ་སྐྱེས་པ་མ་ཟད། ལྕག་སྐུལ་ཡང་ཆེན་པོ་ཐེབས་ཀྱི་འདུག ཀྲུང་གོའི་གྲུབ་འབྲས་དང་ཉམས་མྱོང་སློབ་སྦྱོང་དང་དཔྱད་གཞིར་བཟུང་སྟེ་རང་ངོས་འཕེལ་རྒྱས་དང་དར་རྒྱས་ཡོང་བའི་རེ་བ་ཡོད། ནེ་ཀྲུང་རྒྱལ་ཁབ་གཉིས་དབར་མཛའ་གཅུགས་ཁོ་ན་ལས་གནད་དོན་མེད། རྒྱལ་ཁབ་གཉིས་པོའི་འབྲེལ་བ་དེ་མཛའ་གྲོགས་དང་། འདྲ་མཉམ། བརྩི་འཇོག་བཅས་ལ་གཞི་ཚུགས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ནེ་པ་ལར་རྩ་ཆེའི་རྒྱབ་སྐྱོར་གང་མང་གནང་ནས་ནེ་པ་ལ“སྐམ་ས་བསྡོམས་པའི་རྒྱལ་ཁབ”ནས“སྐམ་ས་འབྲེལ་བའི་རྒྱལ་ཁབ”ལ་འགྱུར་བར་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ནེ་པ་ལ་ཕྱོགས་ཀྱིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ནང་མུ་མཐུད་ཧུར་ཐག་ཞུགས་འདོད་ཡོད་ལ་ཀྲུང་གོའི་ཁེ་ལས་དེ་བས་མང་བས་ནེ་པ་ལར་མ་འཇོག་བྱས་ཏེ་ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་ཟབ་ཏུ་གཏོང་བར་དགའ་བསུ་ཡང་ཞུ་གི་ཡིན། བོད་ལྗོངས་དང་ཐའེ་དབན་གཉིས་ཀ་ཀྲུང་གོའི་མངའ་ཁོངས་ཀྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པས་ནེ་པ་ལ་ཕྱོགས་ཀྱིས་བློ་བརྟན་འགྱུར་མེད་ངང་ཀྲུང་གོ་གཅིག་གི་རྩ་དོན་ལ་བརྩི་སྲུང་ནན་པོ་ཞུ་བ་དང་ཕྱོགས་གཏོགས་གང་རུང་ཞིག་གིས་ནེ་པ་ལའི་མངའ་ཁོངས་སུ་་ཀྲུང་གོར་ངོ་རྒོལ་བྱེད་པའི་བྱེད་སྤྱོད་སྤེལ་དུ་མི་འཇུག་པ་དང་ཀྲུང་གོའི་ཁེ་ཕན་ལ་གནོད་འཚེ་གཏོང་དུ་འཇུག་གི་མིན། ཕྱིའི་རྒྱལ་ཁབ་གང་རུང་ཞིག་གིས་ཀྱང་ཀྲུང་གོའི་ནང་སྲིད་ལ་ཐེ་ཇུས་བྱེད་པར་ངོ་རྒོལ་བྱ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་བཏོན་པའི་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་སོགས་གྲོས་འགོ་གལ་ཆེན་རབ་དང་རིམ་པ་མིའི་རིགས་ཀྱིས་མིག་སྔའི་རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་དུས་བབ་དང་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་ཐུན་མོང་ཐོག་ཁ་གཏད་གཅོག་པར་ཕན་འདོགས་ཡོད་པས། ནེ་པ་ལ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཕྱོགས་མང་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་ཐུན་མོང་ཁེ་ཕན་ལ་སྲུང་སྐྱོང་བྱེད་འདོད་ཡོད།
ཕྱོགས་གཉིས་པོས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ནེ་པ་ལའི་མཉམ་འབྲེལ་གསལ་བསྒྲགས》སྤེལ་བ་རེད།