པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོས་བོད་དུ་སློབ་སྦྱོང་བརྟག་ཞིབ་གནང་བ་དང་ཆོས་ཕྱོགས་ཀྱི་བྱེད་སྒོ་ལེགས་གྲུབ་ཟིན་པ།
ཉེ་ཆར། རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ཨུ་དང་། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་ཀྱི་ཚོགས་གཙོ་བཅས་ཡིན་པའི་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོས་དུས་ཡུན་ཟླ་བ་ལྔ་ལྷག་ཙམ་རིང་བོད་དུ་སློབ་སྦྱོང་བརྟག་ཞིབ་གནང་བ་དང་ཆོས་ཕྱོགས་ཀྱི་བྱེད་སྒོ་ལེགས་གྲུབ་ཟིན་པ་རེད།
བོད་དུ་བཞུགས་རིང་། པཎ་ཆེན་རིན་པོ་ཆེ་སྔ་རྗེས་སུ་ལྷ་ས་གྲོང་ཁྱེར་ལྷོ་རིའི་སྤྱི་གླིང་གི་སྔོ་འགྱུར་ལས་གྲྭ་ལག་བསྟར་བྱ་ཡུལ་དང་། གཞིས་རྩེའི་དཔལ་འབྱོར་གསར་སྤེལ་ཁུལ། ལེགས་རྩེ་འགག་སྒོ་སོགས་སུ་རྟོག་ཞིབ་གནང་བར་ཕེབས་ནས།
སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་དང་འཕེལ་རྒྱས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་བ་དང་། གསར་བརྗེའི་སློབ་གསོའི་རྟེན་གཞི་སྐྲ་བདུན་དམིགས་བསལ་ཨུ་ཡོན་ལྷན་ཁང་གི་གནས་ཤུལ་ལ་གཟིགས་སྐོར་གནང་བ་རེད། པཎ་ཆེན་རིན་པོ་ཆེས་ད་དུང་ནག་ཆུ་གྲོང་ཁྱེར་སོག་རྫོང་གི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་གཅིག་སྡུད་བསྙེན་བཀུར་ཞབས་ཞུ་ལྟེ་གནས་དང་། གཞིས་རྩེ་གྲོང་ཁྱེར་འབྲོང་པ་རྫོང་ཡག་ར་ཤང་། ཉིང་ཁྲི་གྲོང་ཁྱེར་རྫ་ཡུལ་རྫོང་རྫ་ཡུལ་རོང་སྨད་གྲོང་རྡལ་གྱི་ཞིང་དུད་བཅས་ལ་འཚམས་འདྲི་གནང་ནས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་གནས་ཚུལ་མཁྱེན་རྟོགས་གནང་བ་རེད།
པཎ་ཆེན་རིན་པོ་ཆེས་ད་དུང་ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་ཀྱི་ལས་དོན་ཚོགས་འདུ་རབ་དང་རིམ་པ་གཙོ་སྐྱོང་གནང་བ་དང་། བོད་བརྒྱུད་ནང་བསྟན་གྱི་བསྟན་དོན་འཆད་འགྲེལ་བགྲོ་གླེང་ཚོགས་འདུ་འཚོགས་པ། བོད་ལྗོངས་ནང་བསྟན་སློབ་གླིང་དང་། ལྷ་ལྡན་གཙུག་ལག་ཁང་། བཀྲས་ལྷུན་དགོན། ཀུན་བདེ་གླིང་དགོན། ཁང་དམར་དགོན། ཐར་པ་དགོན། ཞབས་བརྟན་དགོན་སོགས་ཀྱི་དགོན་སྡེར་འཚམས་འདྲི་གནང་བ་དང་། བོད་བརྒྱུད་ནང་བསྟན་ལས་རིགས་དང་བཞུགས་མོལ་སྤེལ་རེས་རྒྱ་ཁྱབ་ངང་གནང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དགེ་འདུན་པ་ཚོས་སློབ་སྦྱོང་དང་ལག་བསྟར་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་དང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་བ། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་བྱེད་པ། བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱས་ནས། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་ལེགས་སྐྱེས་གསར་པ་འབུལ་དགོས་པའི་སྐུལ་ལྕག་གནང་བ་རེད།