ལང་ཚོའི་སྡོང་པོ་སྦྲང་ཆར་ཟིལ་མས་བརླན། གཞོན་སྐྱེས་བློ་རིག་འདུས་པའི་ལྡུམ་ར་སྐྱིད།
—— ལྷོ་ཁ་སྡེ་ཚོགས་གྲོང་ཨུད་ཀྱིས་སྡེ་ཚན་མང་པོ་དང་མཉམ་དུ་སྤྱི་པའི་ཞབས་ཞུའི་ལས་དོན་ཡག་པོ་སྒྲུབ་པའི་སྐོར་བཀོད་པ།
འདི་ནི་སྣེ་གདོང་ཆུས་སྐར་དམར་སྡེ་ཁུལ་ཟ་ཁང་གི་ལས་དོན་པས་ཁ་ལག་གྲ་སྒྲིག་བྱེད་བཞིན་པ།
འདི་ནི་སྣེ་གདོང་ཆུས་སྐར་དམར་སྡེ་ཁུལ་གྱི་ལས་དོན་པས་གཞོན་ནུ་ཤེས་ལྡན་པའི་ས་ཚིགས་སུ་ཁང་པ་བསྡུ་གསོག་རྒྱག་བཞིན་པ།
འདི་ནི“གཞོན་ནུའི་ཟ་ཁང”དུ་ལས་རིགས་ཁག་གི་ལས་གཏོད་གཞོན་ནུས་དགུང་ཟས་ཟ་བཞིན་པ།
འདི་ནི“གཞོན་ནུའི་ཟ་ཁང”དུ་ལས་རིགས་ཁག་གི་ལས་གཏོད་གཞོན་ནུས་དགུང་ཟས་ལ་རོལ་བཞིན་པ།
གཞོན་ནུ་འཕེལ་རྒྱས་རྣམ་པའི་གྲོང་ཁྱེར་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་གཞོན་ནུའི་ཚོགས་སྤྱིའི་ལས་ཞུགས་ལས་གཏོད་ཀྱི་མ་གནས་མཐོ་བ་དང་། འཚོ་བའི་གནོན་ཤུགས་ཆེ་བ། ཟ་འཐུང་སྟབས་བདེ་མེད་པ། ཞག་སྡོད་ཀྱི་མ་གནས་མཐོ་བ་སོགས་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུར་སྐུལ་འདེད་གཏོང་ཆེད། ལྷོ་ཁ་སྡེ་ཚོགས་གྲོང་ཨུད་ཀྱིས་བྱ་ས་ཁྲོམ་གཞུང་དང་སྐར་དམར་སྡེ་ཁུལ་དང་མཉམ་འགུལ་གྱིས་ཐོན་ཁུངས་བསྡུ་སྒྲིལ་དང་ཞབས་འདེགས་ཞིབ་ཚགས་ཞུས་ནས་ལས་རིགས་ཁག་གི་གཞོན་ནུས་ལྷོ་ཁར་ལས་ཞུགས་ལས་གཏོད་བྱེད་པའི་ཁོར་ཡུག་རྒྱུན་ཆད་མེད་པར་ལེགས་སུ་གཏོང་བ་དང་། གྲོང་ཁྱེར་གྱི“ཤེས་ལྡན་པའི་ཡིད་དབང་འགུག་ནུས”རྒྱུན་ཆད་མེད་པར་ཆེ་རུ་བཏང་ཡོད།
ལྷོ་ཁ་གྲོང་ཁུལ་དུ“གཞོན་ནུའི་ཟ་ཁང”གིས་གཞོན་ནུའི་ལས་གཏོད་ཚོགས་སྤྱིའི་ལྟོ་ཆས་ཟ་བའི་གནད་དོན་ཐག་གཅོད་བྱས་པ་མ་ཟད། ད་དུང“གཞོན་ནུ་ཤེས་ལྡན་པའི་ས་ཚིགས”ཀྱིས་ཁོང་ཚོར་རང་ཁྱིམ་ལྟ་བུའི་དྲོ་སྐྱིད་སྦྱིན་ཡོད།
རྒྱལ་སྟོན་གུང་གསེང་བཏང་མ་ཐག་ཀརྨ་ལྷུན་གྲུབ་ལྷོ་ཁ་གྲོང་ཁུལ་དུ་ཁ་གཏད་བོད་སྐྱོར་བྱ་གཞག་ཚན་པར་གཟུགས་པོ་བརྟག་དཔྱད་དང་ཆབ་སྲིད་ཞིབ་བཤེར་ལ་ཞུགས་པར་ཡོང་། གསོལ་མགྲོན་ཁང་གི་འགྲོ་གྲོན་མཐོ་བར་སེམས་ཁྲལ་ལངས་མོད། 《སྐད་འཕྲིན་ལྷོ་ཁ》ཞེས་པའི་གཞུང་ཕྱོགས་སྐད་འཕྲིན་སྤྱི་རྟགས་ཐོག་ནས་སྣེ་གདོང་ཆུས་སྐར་དམར་སྡེ་ཁུལ་དུ“གཞོན་ནུ་ཤེས་ལྡན་པའི་ས་ཚིགས”ཤིག་ཡོད་པ་དང་། དྲ་ཐོག་ཏུ་ཐོ་འགོད་བྱས་ཚེ་རིན་མི་དགོས་པར་སྡོད་ཆོག་ཆོག་ཡིན་པ་མཐོང་། ཁོང་གིས་དྲ་ཐོག་ནས་ཐོ་འགོད་རེ་ཞུ་ཚོད་ལྟ་བྱས་པས་བསམ་ཡུལ་ལས་འདས་པར་ས་ཚིགས་སུ་སྡོད་མཁན་དང་པོར་གྱུར།
“འདི་གར་རང་ཁྱིམ་ནང་བཞིན་སྐྱིད་པོ་དང་བློ་བདེ་པོ་འདུག”ཅེས་ཉིན་གསུམ་གྱི་རྗེས་སུ་ཁང་པ་རྩིས་སྤྲོད་སྐབས་ཀརྨ་ལྷུན་གྲུབ་ཀྱིས་སྡེ་ཁུལ་གྱི་ལས་བྱེད་པར་དགའ་ཚོར་ཆེན་པོས་དེ་ལྟར་བརྗོད།
ལས་ཀ་འཚོལ་བ་དང་ལས་གཏོད་བྱེད་རིང་གི་ལྗོངས་ཕྱི་ནང་གི་གཞོན་ནུའི“ཞག་སྡོད་དང་འབྲེལ་འདྲིས་དཀའ་བའི”གནད་དོན་ཐག་གཅོད་བྱ་ཆེད། ལྷོ་ཁ་སྡེ་ཚོགས་གྲོང་ཨུད་ཀྱིས་སྣེ་གདོང་ཆུས་མང་ཚོགས་ཚོགས་པའི་ལས་དོན་ཁང་དང་། བྱ་ས་ཁྲོམ་གཞུང་། སྐར་དམར་སྡེ་ཁུལ་བཅས་དང་མཉམ་དུ་མ་དངུལ་སྒོར་ཁྲི་12གྲབས་གསོག་བྱས་ནས་འགྲུལ་ཁང་16ཡོད་པའི་ལྷོ་ཁ་གྲོང་ཁྱེར་གྱི“གཞོན་ནུ་ཤེས་ལྡན་པའི་ས་ཚིགས”བསྐྲུན་ཏེ་གཞོན་ནུ་ལས་འཚོལ་ཚོགས་སྤྱིར་ཞག་སྡོད་རིན་མེད་ཀྱི་གནས་ཚང་གསར་པ་ཞིག་བཏོད་ཡོད།
ས་ཚིགས་ཀྱི་ཁང་པ་ཁག་གི་ཆུ་དང་། གློག དྲ་རྒྱ། སྒྲོག་ཙེ། མལ་ཁྲི་དང་ཕོ་ཁེབས། སྟེགས་སྒྲོན། དཔེ་དེབ། སྨྱུ་གུ འབྲི་ཤོག་སོགས་འཚོ་བའི་མཁོ་ཆས་ཆ་ཚང་པོ་ཡོད་པས་གཞི་རྩའི་འཚོ་བ་དང་དེ་བཞིན་གཞུང་ལས་ཀྱི་དགོས་མཁོ་སྐོང་ཐུབ་ཅིང་། རིང་ཤོས་ཉིན་10ཡི་རིན་མེད་ཞག་སྡོད་ཞབས་འདེགས་ཞུ་ཡི་ཡོད། ལོ་18ནས་ལོ་40བར་དང་། ཆེད་ཚན་དང་དེ་བཞིན་དེའི་ཡན་གྱི་སློབ་རྒྱུས་ལྡན་པའི་མཐོ་སློབ་སློབ་ཐོན་སློབ་མར《ལང་ཚོའི་ཡར་ཀླུང》ཞེས་པའི་སྐད་འཕྲིན་སྤྱི་རྟགས་སོགས་སུ་དྲ་ཐོག་དང་དྲ་ཕྱིའི་བྱ་ཐབས་ཐོག་ནས་ཞག་སྡོད་རེ་ཞུ་བྱེད་ཆོག་གི་ཡོད། ས་ཚིགས་དེར་སྡོད་མཁན་གཞོན་ནུ་ཚོས་སྡེ་ཁུལ་གྱི་དང་བླངས་ཞབས་ཞུའི་རྣམ་པའི་ཐོག་ནས་བཀོལ་སྤྱོད་བདག་སྐྱོང་བྱེད་ཀྱི་ཡོད།
སྐར་དམར་སྡེ་ཁུལ་གྱི་ཏང་ཀྲི་པུའི་ཧྲུའུ་ཅི་འཇིགས་མེད་དབང་ཕྱུག་གིས། ས་ཚིགས་དེས་གཞོན་ནུ་ཚོར་རིན་མེད་ཞག་སྡོད་མཁོ་འདོན་བྱས་པ་ཕུད། ད་དུང་མི་སྤྱི་སྡེ་ཚན་གྱི་ལས་ཞུགས་ཆ་འཕྲིན་སྣ་ཚོགས་བསྡུ་སྒྲིལ་བྱས་ནས། དེབ་ཁང་དང་། ལུས་སྦྱོང་ཁང་། མགྲོན་གཏུག་ཁང་། རང་སྦྱོང་ཁང་སོགས་ཀྱི་ནུས་པའི་བར་མཐོངས་རིན་མེད་ངང་མཁོ་འདོན་བྱས་ཏེ། སློབ་སྦྱོང་དང་། ལུས་སྦྱོང་། སྤྱི་ཚོགས་འབྲེལ་བ་སོགས་སྣ་མང་ཅན་གྱི་དགོས་མཁོ་བསྐངས་ནས་གཞོན་ནུ་རྣམས་གང་མགྱོགས་གྲོང་ཁྱེར་འདི་དང་མཉམ་འདྲེས་ཐུབ་རོགས་བྱས་ཡོད་ཅེས་བརྗོད།