ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་རྔ་ཆེན་ཁྲོམ་གཞུང་རྔ་ཆེན་གྲོང་ཚོས།
“གསར་བརྗེའི་དྲ་མིག”ལ་བརྟེན་ནས་གཞི་རིམ་བཅོས་སྐྱོང་གི་སྤུས་འབྲས་ལེགས་གཉེར་ལ་སྐུལ་འདེད་གཏོང་བ།
ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་རྔ་ཆེན་ཁྲོམ་གཞུང་རྔ་ཆེན་གྲོང་ཚོས་དྲ་མིག་ཞིབ་ཚགས་ཅན་གྱི་དོ་དམ་བསམ་ཕྱོགས་སྤྱད་དེ། “མཉམ་སྐྲུན་མཉམ་བཅོས་ཀྱི་དྲ་མིག”དང་། “ཆ་འཕྲིན་མཐུན་སྦྱོར་དྲ་མིག”“བརྩེ་སེམས་ཞབས་ཞུའི་དྲ་མིག”བཅས་ནུས་ཤུགས་ཡོད་རྒུས་བསྐྲུན་པ་དང་། “གཅིག་འབོད་བརྒྱ་འཛོམས”ཀྱི་གསར་བརྗེའི་དྲ་མིག་ཞབས་ཞུའི་ས་ཚིགས་བཙུགས་པར། “གཅིག་འབོད་བརྒྱ་འཛོམས”ཀྱི་གསར་བརྗེའི་དྲ་མིག་གི་ལས་དོན་སྒྲུབ་སྟངས་ཤིག་ཆགས་ཏེ། དྲ་མིག་ནས་རེ་ཞུ་ཤེས་རྟོགས་ཐུབ་པ་དང་། དྲ་མིག་ནས་ཐོན་ཁུངས་བསྡུ་སྒྲིལ་ཐུབ་པ། དྲ་མིག་ནས་གནད་དོན་ཐག་གཅོད་བྱེད་པ། དྲ་མིག་ནས་ཞབས་ཞུ་ལེགས་སུ་གཏོང་བ་བཅས་མངོན་འགྱུར་བྱུང་ཡོད་ལ། “དམངས་ཀྱི་རེ་འབོད་ལ་ང་ཡིས་བརྡ་ལན་ཞུ་བ”མངོན་འགྱུར་ཡང་བྱུང་ཡོད།
རྔ་ཆེན་གྲོང་ཚོས་དྲ་མིག་བཅོས་སྐྱོང་བྱེད་རིང“ཁྲོམ་གཞུང་ལས་དོན་ཨུ་ལྷན་ཆེན་པོ་དང་། སྡེ་ཁུལ་གྱི་ཏང་ཨུད་ཆེན་པོ། དྲ་མིག་ཏང་ཀྲི་པུའུ། ཐོག་ཁང་སོ་སོའི་ཏང་གི་ཚོགས་ཆུང་། ཏང་ཡོན་གྱི་ལྟེ་བའི་དུད་ཚང”བཅས་ཀྱི་རིམ་ལྔའི་རྩ་འཛུགས་སྒྲོམ་གཞིའི་འཁོར་རྒྱུག་ཅིག་ཆགས་ཤིང་། “འཕྲལ་མར་ལྔའི”ལས་དོན་སྒྲུབ་ཐབས་ཁྱབ་གདལ་བཏང་བ་བརྒྱུད། གནད་དོན་འཕྲལ་མར་ཤེས་རྟོགས་དང་། མང་ཚོགས་ཀྱི་རེ་འདུན་འཕྲལ་མར་འཚོལ་བསྡུ། གནད་དོན་གྱི་གསལ་ཐོ་འཕྲལ་མར་ལེགས་སྒྲིག གསར་བརྗེའི་རོགས་ཟླ་འཕྲལ་མར་མཉམ་འགུལ། ལས་འགན་འཕྲལ་མར་ཡོངས་བསྒྲགས། དམངས་ཀྱི་སེམས་ཁྲལ་དང་དཀའ་ངལ་འཕྲལ་མར་སེལ་བ་བཅས་བྱས་ནས། དྲ་མིག་ནང་གི་གནད་དོན་སྣ་ཚོགས་དུས་ཐོག་ཏུ་ཐག་གཅོད་ནུས་ལྡན་ཐུབ་པར་འགན་ལེན་བྱས་པ་རེད། འཐུས་སྒོ་ཚང་བའི་རྩ་འཛུགས་ཀྱི་སྒྲོམ་གཞིས་རྩ་འཛུགས་ཀྱི་འགན་ལེན་བྱེད་ཤུགས་ཆེ་རུ་ཕྱིན་པ་མ་ཟད། གཞི་རིམ་བཅོས་སྐྱོང་ཞིབ་ཕྲ་ཅན་གྱི་ཆུ་ཚད་ཀྱང་མཐོ་རུ་ཕྱིན་ཡོད་པ་རེད།
རིག་ནུས་དོ་དམ་གྱིས་ཞབས་ཞུའི་ལས་ཕྱོད་ཆེ་རུ་བཏང་ཞིང་། “གཅིག་འབོད་བརྒྱ་འཛོམས”ཀྱི་གསར་བརྗེའི་དྲ་མིག་ཞབས་ཞུའི་ས་ཚིགས་ཚང་མར་དྲ་མིག་ལས་དོན་གྱི་སྒྲིག་བཀོད་དང་འཕྲལ་སྡོམ་སྒྲིག་ཆས་སོགས་རྨང་གཞིའི་སྒྲིག་བཀོད་བཀོད་སྒྲིག་བྱས་པ་དང་། ཆ་འཕྲིན་ཅན་གྱི་བྱེད་ཐབས་གསར་གཏོད་བརྒྱུད། “བཤེར་རྟགས་ནས་སྒྲུབ་ཆོག་པ”དང“བཤེར་རྟགས་ནས་ཐག་གཅོད་པའི”ལམ་སྲོལ་བཙུགས་པར། དྲ་མིག་ནང་གི་མི་དང་། ས་ཆ། ལས་དོན། དངོས་པོ། གནས་ཚུལ་བཅས་ལ་གནད་སྨིན་སྟངས་འཛིན་དང་ནུས་ཕྱོད་ཆེ་བའི་དོ་དམ་ཐུབ་ཀྱི་ཡོད་པ་རེད། མང་ཚོགས་ཀྱིས་དྲ་མིག་གི་དམངས་ཕན་རྩ་གཉིས་བཤེར་རྟགས་བཤེར་ན་གནད་དོན་རང་དགར་གོང་ཞུ་ཐུབ་ལ། སྟབས་བདེའི་ཞབས་ཞུ་ཡང་ལོངས་སྤྱོད་ཐུབ་ཀྱི་ཡོད། ད་ལོ་ནས་བཟུང་། དྲ་མིག་གི་དམངས་ཕན་རྩ་གཉིས་བཤེར་རྟགས་ནས་གོང་ཞུ་བྱས་པའི་གནད་དོན་ལ་དམིགས་ནས་གནད་དོན་བཀོད་གཏོང་ཐེངས་28བྱས་ཏེ་གནད་དོན་དངོས་17ཐག་གཅོད་བྱས་པ་རེད།
ཏང་ཡོན་དཔེ་སྟོན་དུ་བྱས་ནས་དམངས་ལ་ཞབས་ཞུའི་དཔེ་བཟང་འདེམས་འཛུགས་བྱས་ཤིང་། དྲ་མིག་བཅོས་སྐྱོང་བྱེད་རིང་། རྔ་ཆེན་གྲོང་ཚོས་ཏང་ཡོན་གྱི་ལྟེ་བའི་དུད་ཚང་གི་གདོང་ལེན་དཔེ་བཟང་གི་ནུས་པ་གང་ལེགས་བཏོན་ནས། ཐོབ་ཐང་མངོན་པ་དང་། ཁས་ལེན་བྱེད་པ། བྱས་རྗེས་བསྡུར་བ། གཟུགས་བརྙན་གཏོད་པ་བཅས་བྱས་པ་བརྒྱུད། གསར་བརྗེའི་དྲ་མིག་དེ་མང་ཚོགས་ཀྱི་སེམས་ནང་གི“ཁྱིམ་གཞིས་དྲོན་མོ”ཞིག་ཏུ་བཏོད་དེ། ཏང་ཡོན་རེ་རེ་ནི་དར་ཆ་རེ་རེ་དང་དྲ་མིག་རེ་རེ་ནི་མང་ཚོགས་ལ་ཞབས་འདེགས་ཞུ་བའི་གཡུལ་ས་མདུན་མར་འགྱུར་བར་བྱས་ཡོད། གཡུལ་ས་འཛུགས་སྐྱོང་བྱས་ཚུན། ཏང་ཡོན་གྱིས་སྣེ་ཁྲིད་དེ་བྱ་བཟང་ཁག་42བསྒྲུབས་པ་དང་། བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཁག་ཐེངས་28ལ་གྲལ་བཤེར་བྱས་པ། བདེ་འཇགས་ཤེས་བྱའི་སྒྲོག་འགྲེལ་ཐེངས་9བྱས་པར་མང་ཚོགས་མི་ཐེངས་380ལྷག་ཙམ་ལ་ཁྱབ་ཡོད། ཏང་ཡོན་གྱི་དཔེ་སྟོན་སྣེ་ཁྲིད་ཀྱིས་མང་ཚོགས་སྔར་བས་མང་བ་གཞི་རིམ་བཅོས་སྐྱོང་ནང་ཞུགས་པར་སྐུལ་ཁྲིད་བྱས་ཡོད།
“གཅིག་འབོད་བརྒྱ་འཛོམས”ཀྱི་གསར་བརྗེའི་དྲ་མིག་ནི་རྔ་ཆེན་གྲོང་ཚོའི་གཞི་རིམ་བཅོས་སྐྱོང་གསར་གཏོད་ཀྱི་གསོན་ཉམས་དོད་པའི་ལག་ལེན་ཞིག་རེད། མཉམ་སྐྲུན་མཉམ་བཅོས་དང་། ལག་ལེན་གསར་གཏོད། མི་རྩ་བར་འཛིན་པ་སོགས་ཀྱི་བྱེད་ཐབས་བརྒྱུད། གཞི་རིམ་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་དང་ཆུ་ཚད་མཐོ་རུ་ཕྱིན་པ་མ་ཟད། མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཀྱང་ཆེ་རུ་སོང་ཡོད།