ཐུན་མོང་འབྱོར་ཕྱུག་ཡོང་བར་མི་རིགས་གཅིག་ཀྱང་མ་ལུས་པར་བྱེད་དགོས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་བཏང་ནས་ཐུན་མོང་འབྱོར་ཕྱུག་ཡོང་བར་མི་རིགས་གཅིག་ཀྱང་མ་ལུས་པར་བྱེད་དགོས”ཞེས་གསུངས་ཡོད། བཀའ་མོལ་འདིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་མི་དམངས་ཡོངས་ཐུན་མོང་འབྱོར་ཕྱུག་ཡོང་བའི་དེང་རབས་ཅན་ཡིན་པ་རྒྱས་བཤད་གཏིང་ཟབ་གནང་ཡོད། དེ་ནི་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་བརྗིད་ཉམས་ལྡན་པའི་གསལ་སྟོན་ཞིག་ཡིན་ལ། ཐུན་མོང་འབྱོར་ཕྱུག་ཡོང་བའི་ཁ་ཕྱོགས་ཀྱི་ཁྲིད་སྟོན་ཞིག་ཀྱང་ཡིན།
རང་རྒྱལ་ནི་མི་རིགས་མང་བའི་རྒྱལ་ཁབ་ཅིག་ཡིན་པ་དང་། མི་རིགས་56ཟུང་འབྲེལ་དམ་ཟབ་བྱས་ནས་ཐུན་མོང་ཐོག་ཀྲུང་ཧྭ་མི་རིགས་ཀྱི་ཁྱིམ་ཚང་ཆེན་པོ་ཞིག་བཏོད་ཡོད། རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་། མི་རིགས་བསྐྱར་དར། ཐུན་མོང་འབྱོར་ཕྱུག་བཅས་ཀྱི་བརྒྱུད་རིམ་ནི་མི་རིགས་ཁག་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་། ཐུན་མོང་ཐོག་དར་རྒྱས་གོང་འཕེལ་འགྲོ་བའི་ལྡོག་མེད་ཀྱི་བརྒྱུད་རིམ་ཞིག་ཡིན་པས། ངེས་པར་དུ་ཀྲུང་ཧྭ་མི་རིགས་ཀྱི་མཐུན་སྒྲིལ་ཆེན་པོའི་དར་ཆ་མཐོན་པོར་བསྒྲེངས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་མཐུན་སྒྲིལ་ཆེན་པོར་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་དགོས།
ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་མི་དམངས་ཡོངས་ཐུན་མོང་འབྱོར་ཕྱུག་ཡོང་བའི་དེང་རབས་ཅན་ཡིན་པས། མི་ཉུང་ཤས་ཤིག་ཕྱུག་པོར་འགྱུར་བ་ཙམ་མིན་པར་མི་དམངས་ཡོངས་ཐུན་མོང་འབྱོར་ཕྱུག་ཡོང་བར་བྱས་ནས་མི་རིགས་གང་ཞིག་ཀྱང་རྗེས་སུ་མ་ལུས་པར་བྱེད་དགོས། མི་རིགས་ཚང་མའི་འཚོ་བའི་ཆ་རྐྱེན་དང་། སློབ་གསོའི་ཆུ་ཚད། བདེ་ཐང་འགན་སྲུང་སོགས་ལེགས་སུ་གཏོང་བ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་དང་ཐུན་མོང་འབྱོར་ཕྱུག་མངོན་འགྱུར་བྱེད་པར་མེད་དུ་མི་རུང་བའི་བརྒྱུད་རིམ་ཞིག་རེད། ཐུན་མོང་འབྱོར་ཕྱུག་མངོན་འགྱུར་བྱེད་པ་དེས་མི་རིགས་ཁག་གི་ཕུལ་བྱུང་རིག་གནས་ལ་བརྩི་འཇོག་དང་སྲུང་སྐྱོང་བྱེད་པའང་མཚོན་གྱི་ཡོད། ཕན་ཚུན་བརྩི་འཇོག་དང་བསྟུན་མཁས་རྨང་གཞིར་བྱས་ན། མི་རིགས་56གཞི་ནས་མཐུན་སྒྲིལ་རྡོག་རྩ་གཅིག་ཏུ་བསྒྲིལ་ཏེ་ཐུན་མོང་འབྱོར་ཕྱུག་མངོན་འགྱུར་བྱེད་པར་སྟོབས་ཤུགས་སྐྱེས་སུ་འབུལ་ཐུབ། མི་རིགས་ཁག་ཐུན་མོང་ཡར་རྒྱས་བྱུང་ཚེ་རྒྱལ་ཁབ་དར་རྒྱས་གོང་འཕེལ་ཡོང་བར་གཞི་ནས་དེ་བས་ཆེ་བའི་གསོན་ཤུགས་དང་སྐྱེ་སྟོབས་ལྡན་ཐུབ། དེ་ནི་སྤྱི་ཚོགས་དྲང་གཞག་དོན་གཉེར་བྱས་པ་ཞིག་ཡིན་པ་མ་ཟད། ང་ཚོ་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་ཆེན་པོའི་མཐུན་སྒྲིལ་སྔར་བས་དམ་ཟབ་ཡོང་བའི་སྟོབས་ཤུགས་ཀྱི་འབྱུང་རྩའང་ཡིན།
མི་རིགས་ཁག་ཐུན་མོང་འབྱོར་ཕྱུག་ལ་སྐུལ་འདེད་གཏོང་བར་འཕེལ་རྒྱས་དེ་ལས་འགན་ཨང་དང་པོར་བརྩི་དགོས་ཤིང་། སྒྱུར་བཅོས་དང་འཕེལ་རྒྱས་ཚང་མར་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་དོན་སྙིང་དང་། གཅིག་གྱུར་ལ་སྲུང་སྐྱོང་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་དོན་སྙིང་། དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་གྱི་དོན་སྙིང་བཅས་ལྡན་པར་བྱས་ཏེ། མི་རིགས་ས་ཁུལ་ཁག་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དངོས་པོའི་རྨང་གཞི་བརྟན་དུ་གཏོང་དགོས། མི་རིགས་ས་ཁུལ་གྱི་སྤྱི་པའི་ཞབས་ཞུའི་འགན་ལེན་ནུས་པ་ཆེ་རུ་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས། ཀུན་ཕན་རང་བཞིན་དང་། རྨང་གཞིའི་རང་བཞིན། ཐ་སྐྱོང་རང་བཞིན་བཅས་ཀྱི་དམངས་འཚོ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ། འཕེལ་རྒྱས་ཀྱི་གྲུབ་འབྲས་ལས་མི་རིགས་ཁག་གི་མང་ཚོགས་ལ་ཕན་པ་འདྲ་མཉམ་ཐོབ་པར་སྐུལ་འདེད་གཏོང་དགོས། མི་རིགས་ས་ཁུལ་གྱི་སློབ་གསོ་དང་། སྨན་བཅོས། ལས་ཞུགས་སོགས་ཕྱོགས་ཁག་གི་ཞབས་ཞུའི་སྤུས་ཚད་ལེགས་སུ་བཏང་སྟེ། དམངས་འདུན་སྒྲུབ་པ་དང་། དམངས་འཚོར་ཕན་པ། དམངས་སེམས་དྲོས་པ་བཅས་ཀྱི་ཁ་ཡོད་ལག་ཡོད་ཀྱི་དོན་དངོས་མང་ཙམ་བསྒྲུབས་ནས། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཆེ་རུ་གཏོང་དགོས།
བདེ་སྐྱིད་གནམ་ནས་ཟཌ་མི་སྲིད་ལ། ཕུགས་འདུན་ཡང་རང་བཞིན་གྱིས་འགྲུབ་མི་ཐུབ། མི་དམངས་ཡོངས་ཐུན་མོང་འབྱོར་ཕྱུག་ཡོང་བར་སྐུལ་འདེད་གཏོང་རྒྱུ་ནི་ཡུན་རིང་གི་ལས་འགན་ཞིག་ཡིན་ལ། དངོས་ཡོད་ཀྱི་ལས་འགན་ཞིག་ཀྱང་ཡིན་པས་བྲེལ་འཚུབ་བྱེད་མི་རུང་ལ་སྒུག་ཀྱང་མི་རུང་། མི་རིགས་ཁག་གི་མང་ཚོགས་ཀྱིས་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ། མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་ལག་གདང་སྦྲེལ་ནས་མདུན་སྐྱོད་བཅས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་བོད་ཀྱི་ལེའུ་རྩོམ་ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་དགོས།