མཛེས་མཐུན་རྣམ་པ་ལེགས་པར་མངོན། འཕེལ་རྒྱས་འཆར་གཞི་མཉམ་དུ་བཀོད།
—— ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཀྱིས་ཞིང་ལས་ཐོན་སྐྱེད་ནུས་ཤུགས་གསར་མའི་སྔོན་སྐྱོད་དཔེ་སྟོན་གྱི་ལམ་བསྒྲགས་བྱེད་སྒོ་སྐབས་དང་པོ་གཉེར་བ།
འདི་ནི་ལམ་བསྒྲགས་བྱེད་སྒོ་སྤེལ་ཡུལ་ཡིན་པ།
ཉེ་ཆར། “འབྱུང་འགྱུར་གྱི་ཐོན་ལས་སྐྱེད་སྲིང་བྱེད་པ་དང་གསར་དར་ཐོན་ལས་སྟོབས་ཆེར་བཏང་སྟེ་གྲོང་གསེབ་དར་རྒྱས་ཀྱི་ཐབས་ལམ་གསར་པ་འཚོལ་ཞིབ་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི“མཛེས་མཐུན་ལྡན་པའི་གྲོང་གསེབ། བདེ་སྐྱིད་ལྡན་པའི་བུ་ཆུ”ཞེས་པའི་བྲག་ཡིབ་ཆུས་ཀྱི་ཞིང་ལས་ཐོན་སྐྱེད་ནུས་ཤུགས་གསར་མའི་སྔོན་སྐྱོད་དཔེ་སྟོན་གྱི་ལམ་བསྒྲགས་བྱེད་སྒོ་སྐབས་དང་པོ་བུ་ཆུ་ཤང་གི་ཀོང་པོ་གཞིས་ཡུལ་མཛེས་ལྗོངས་ཁུལ་དུ་སྤེལ་བ་རེད།
བྱེད་སྒོ་དེ་བྲག་ཡིབ་ཆུས་ཨུད་དང་ཆུས་སྲིད་གཞུང་གིས་གཙོ་གཉེར་བྱས་པ་དང་། རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་དཔེ་བཟང་འཐུས་མི་རུ་ཁག་དང་། ཀུའེ་ཀྲོའུ་ཞིང་ཆེན་ཨན་ཧྲུན་ཉིའུ་ཐི་ཀོན་ཨ་ཝུའེ་གྲོང་སྡེའི་འཐུས་མི་རུ་ཁག ཀོང་ཤིས་ནན་ཉིང་ཧོ་ཁྲེ་ཀྲོང་རིགས་འཐུས་མི་རུ་ཁག སི་ཁྲོན་ཞིང་ཆེན་ས་མཐོའི་ནས་ནག་འཐུས་མི་རུ་ཁག་སོགས་ཡན་ལག་ལམ་བསྒྲགས་འཐུས་མི་རུ་ཁག་མང་པོ་ཞིག་དང་། དེ་བཞིན་CPLགྲོང་ཁྱེར་པར་རྒྱག་མནའ་འབྲེལ་དང་། ཏ་ཀྲོའུ་རྒྱལ་ཡོངས་སྤྱི་ཁྱབ་ཚོང་ཚོགས། ཧྲའན་ཤིས་ཤུས་ཐན་འོད་གློག་ཞིང་ལས་ཚད་ཡོད་ཀུང་སི་སོགས་ཁེ་ལས་དང་རྩ་འཛུགས་ཀྱི་འཐུས་མི་50ལྷག་ཙམ་བྱེད་སྒོར་ཆེད་མངགས་གདན་དྲངས་པ་རེད།
བྱེད་སྒོ་སྤེལ་ཡུལ་དུ་རྣམ་པ་ཧ་ཅང་འཁྲུག་ཆ་དོད་པོ་ཡོད་ཅིང་། ལྗོངས་ཕྱི་ནང་གི་ཏང་སྲིད་ཚན་པ་དང་། རིག་གཞུང་ལས་རིགས། ཁེ་ལས་ལས་རིགས་བཅས་དང་དེ་བཞིན་གཞི་རིམ་བཅས་ཀྱི་འཐུས་མི་རྣམས་མཉམ་དུ་འཛོམས་ནས་མི་རིགས་མང་པོའི་ཁྱད་ལྡན་མངོན་མིན་རིག་གནས་ཤུལ་བཞག་གི་ལེ་ཚན་ལམ་བསྒྲགས་དང་། ཐོན་སྐྱེད་ནུས་ཤུགས་གསར་མའི་བརྗོད་དོན་གཙོ་བོའི་སྤེལ་རེས་བྱེད་པ། མཛེས་མཐུན་གྲོང་གསེབ་དང་མཛའ་གྲོགས་གྲོང་ཚོས་ཕན་ཚུན་རོགས་རམ་དང་ཕན་ཚུན་རོགས་སྐྱོར་བྱེད་པའི་ལྗང་མདོག་མནའ་འབྲེལ་འཛུཌ་པའི་མཛད་སྒོ་གཉེར་བ། མཛེས་མཐུན་གྲོང་གསེབ་དར་རྒྱས་ཐོན་ལས་འཕེལ་རྒྱས་ཀྱི་མཉམ་ལས་ཡི་གེར་མིང་རྟགས་འགོད་པ། ནགས་ཚལ་ཤུལ་བཞག་སྲུང་སྐྱོང་གི་གྲོས་འགོའི་ཡི་གེར་མིང་རྟགས་འགོད་པ་སོགས་ཀྱི་བྱེད་སྒོ་རབ་དང་རིམ་པ་བརྒྱུད། ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཀྱི་གྲོང་གསེབ་དར་རྒྱས་ཀྱི་གྲུབ་འབྲས་གསར་པ་དང་འཕེལ་རྒྱས་ཀྱི་ཡངས་ཤིང་རྒྱ་ཆེ་བའི་གནམ་ས་ཞིག་མངོན་པར་བྱས་ཡོད།
བརྗོད་དོན་གཙོ་བོའི་གཏམ་བཤད་བྱེད་སྐབས་ཁྱབ་ཁོངས་ཁག་ནས་ཡོང་བའི་རིགས་གཅིག་མཁས་ཅན་དང་མཁས་དབང་དང་། ཁེ་ལས་མཁས་ཅན། དེ་བཞིན་གཞི་རིམ་གྱི་འཐུས་མི་བཅས་ཀྱིས་གཏམ་བཤད་གཅིག་རྗེས་གཉིས་མཐུད་བྱས་ཤིང་། གང་ཞིག་ལ་ཞིང་ལས་ཐོན་སྐྱེད་ནུས་ཤུགས་གསར་མ་ཟེར་བ་དང་། ཞིང་ལས་ཀྱི་ཐོན་སྐྱེད་ནུས་ཤུགས་གསར་མ་དེ་ང་ཚོ་དང་བར་ཐག་ཇི་ཙམ་ཡོད་པ། ལྗང་མདོག་ཐཱན་ཉུང་ཐོན་ལས་འཕེལ་རྒྱས་ཇི་ལྟར་གཏོང་བ་སོགས་ཕྱོགས་5ཡི་ཐད་སྤེལ་རེས་དང་གྲོས་བསྡུར་གཏིང་ཟབ་བྱས་པ་རེད།
ཀུའེ་ཀྲོའུ་ཨན་ཧྲུན་ནས་ཡིན་པའི་པུའུ་དབྱི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་ཤང་ལི་ཀའོ་ཡིས། འདི་གར་ཡུལ་ལྗོངས་ཧ་ཅང་མཛེས་པའི་ཁར་གྲོང་གསེབ་འཛུགས་སྐྲུན་ཡང་ཧ་ཅང་ཡག་པོ་བྱས་འདུག བོད་རིགས་ཀྱི་གཅེན་གཅུང་མིང་སྲིང་ཚོ་སེམས་རྩ་འཁོལ་པོ་ཡོད་པ་ཚོར་བྱུང་ལ། བོད་ཀྱི་གྲོང་གསེབ་ཏུ་སྐྱེ་སྟོབས་ཀྱི་དཔལ་འབར་བའི་མྱོང་ཚོར་ཡང་ཟབ་མོ་བྱུང་། ངས་འདི་གའི་འཕེལ་རྒྱས་ཀྱི་ཉམས་མྱོང་དང་དམིགས་བསལ་གྱི་མྱོང་ཚོར་ཀུའེ་ཀྲོའུ་རུ་འཁྱེར་གྱི་ཡིན། ང་ཚོ་ས་གནས་གཉིས་ཀྱི་མི་རིགས་ཁག་གི་གཅེན་གཅུང་མིང་སྲིང་དབར་འགྲོ་འོང་དང་སྤེལ་རེས་མང་ཙམ་བྱ་རྒྱུའི་རེ་བ་ཡོད། ཚང་མར་ཁོམ་པ་ཡོད་ཚེ་ཀུའེ་ཀྲོའུ་ཨན་ཧྲུན་ཨ་ཝུའེ་གྲོང་སྡེར་ཕེབས་རྒྱུའི་རེ་བ་ཡོད། ཚང་མར་ཀོང་པོའི་ལོ་གསར་སྤྲོ་པོ་དང་བཀྲ་ཤིས་བདེ་ལེཌ་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན”ཞེས་བཤད།
ཉིང་ཁྲི་གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་བྲག་ཡིབ་ཆུས་ཨུད་ཀྱི་ཧྲུའུ་ཅི་བསྟན་འཛིན་ལྷ་མོས། ཚན་རྩལ་རྒྱུན་ཆད་མེད་པར་ཡར་རྒྱས་དང་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་བྱུང་བ་དང་བསྟུན་ནས། ཞིང་ལས་ཐོན་སྐྱེད་ནུས་ཤུགས་གསར་མ་དེ་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་འདེགས་སྐྱོར་གལ་ཆེན་ཞིག་ཏུ་གྱུར་ཡོད། ད་ཐེངས་ཀྱི་སྔོན་སྐྱོད་དཔེ་སྟོན་ལམ་བསྒྲགས་བྱེད་སྒོ་གྲུབ་འབྲས་ཐོབ་པའི་ངང་སྤེལ་བ་དེས་བྲག་ཡིབ་ཆུས་ཀྱི་ཐོན་སྐྱེད་ནུས་ཤུགས་གསར་མ་གཏོད་པ་དང་གྲོང་གསེབ་དར་རྒྱས་ལ་རོགས་སྐྱོར་བྱ་རྒྱུར་སྤེལ་རེས་མཉམ་ལས་ཀྱི་ལས་སྟེགས་བཏོད་དེ་མཐུན་སྒྲིལ་དང་། སེམས་རྩ་འཁོལ་བ། མཛེས་མཐུན་བཅས་ཀྱི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མངོན་ཡོད། ཕྱོགས་ཁག་གི་ཐུན་མོང་འབད་བརྩོན་འོག་བྲག་ཡིབ་ཆུས་ཀྱི་ཞིང་ལས་སྟོབས་ཆེན་དང་། གྲོང་གསེབ་མཛེས་པ། ཞིང་པ་འབྱོར་ཕྱུག་བཅས་ཀྱི་གྲོང་གསེབ་དར་རྒྱས་ཀྱི་ལམ་བུ་ཇེ་ཡངས་སུ་འགྲོ་ངེས་ཡིན་པའི་ཡིད་ཆེས་ཡོད་ཅེས་བཤད་པ་རེད།