ཕེ་ཀྲུང་མཉམ་ལས་ཀྱིས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་རྩ་བསྐྲུན་པ།
ཀུ་སི་ཐ་ཝོ·ཁོར་ཏེ་ལུའོ·ཆའོ་ཨེན·ཐའེ།
“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོས་ཕེ་རུ་ཚུད་པའི་ལ་ཏིང་མེ་གླིང་རྒྱལ་ཁབ་ལ་འཕེལ་རྒྱས་ཀྱི་གོ་སྐབས་སྦྱིན་ཡོད། སྤུས་ཚད་མཐོ་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་རིང་ཕེ་རུའི་རྨང་གཞིའི་སྒྲིག་བཀོད་དང་ཚན་རྩལ་གསར་གཏོད་ལ་རེས་སྐོར་གསར་པའི་འཕེལ་རྒྱས་ཀྱི་མཐོ་རླབས་ཤིག་འཕྱུར་ནས་དམངས་འཚོ་ལེགས་སུ་འགྲོ་རྒྱུ་རེད།
ཕེ་ཀྲུང་དབར་གྱི་མཛའ་གྲོགས་ལ་ལོ་རྒྱུས་ཡུན་རིང་ལྡན་པ་དང་རྒྱལ་ཁབ་གཉིས་པོའི་དབར་གྱི་འབྲེལ་བ་དུས་ཡུན་རིང་པོར་ལ་ཏིང་མེ་གླིང་དང་ཀྲུང་གོའི་འབྲེལ་བའི་མདུན་གྲལ་དུ་སླེབས་ཡོད། ཕེ་རུའི་རྒྱལ་ཚོགས་ཀྱི་གྲོས་མིའི་འགན་འཁུར་ཚུན། ངས་སྔ་ཕྱི་བར་གསུམ་དུ་ཕེ་ཀྲུང་དབར་གྱི་འབྲེལ་བ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་དོ་ཁུར་བྱེད་པ་དང་ཆབས་ཅིག་དེར་གཞོལ་བཞིན་ཡོད། ངས་ཕྱོགས་གཉིས་པོའི་འབྲེལ་བ་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བར་དཔང་པོ་བྱེད་ཀྱི་ཡོད་ལ། རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་ཟབ་མོ་ནི་ལས་སླ་པོར་བྱུང་བ་ཞིག་མིན་པ་གསལ་པོར་ཤེས་ཀྱི་ཡོད།
ཀྲུང་གོ་འདི་ཉིད་ལོ་10བསྟུད་མར་ཕེ་རུའི་ཚོང་དོན་རོགས་ཟླ་ཆེ་ཤོས་དང་ཕྱིར་གཏོང་ཁྲོམ་ར་ཆེ་ཤོས་སུ་གྱུར་བ་དང་ཕེ་རུ་ནི་ལ་ཏིང་མེ་གླིང་ས་ཁུལ་གྱི་ཀྲུང་གོའི་ཚོང་དོན་རོགས་ཟླ་ཆེ་གྲས་ཨང་བཞི་པ་དང་མ་འཇོག་བྱ་ཡུལ་གྱི་རྒྱལ་ཁབ་ཆེ་གྲས་གཉིས་པ་དེ་ཡིན། ཕེ་རུར་ཀྲུང་གོའི་མ་འཇོག་ཁེ་ལས་170ལྷག་ཙམ་གྱིས་ལས་རིགས་མང་པོ་ཞིག་ཏུ་ཚོང་གཉེར་བྱེད་བཞིན་ཡོད་པ་དང་མ་འཇོག་བྱེད་ཚད་ཨ་སྒོར་དུང་ཕྱུར་300ཙམ་ཟིན་ཡོད། ཀྲུང་གོའི་ཁེ་ལས་ཀྱིས་སྔོན་ཐོན་གྱི་ལག་རྩལ་དང་དོ་དམ་བྱེད་སྟངས་ཁྱབ་གདལ་བཏང་ནས་ཕེ་རུའི་དཔལ་འབྱོར་འཕེལ་རྒྱས་འགྲོ་བར་རམ་འདེགས་བྱས་ཡོད། ལོ་ཤས་གོང་ངས་ཕེ་རུའི་ལྷོ་རྒྱུད་དུ་རྟོག་ཞིབ་བྱེད་པར་བསྐྱོད་པ་དང་ཀྲུང་གོའི་ཁེ་ལས་མི་ཉུང་བ་ཞིག་གིས་དེ་གར་མ་འཇོག་བྱས་ཤིང་། ཁེ་ལས་དེ་དག་གིས་ས་གནས་དེ་གའི་ལས་ཞུགས་ལ་སྐུལ་ཁྲིད་བྱས་པ་མ་ཟད། ད་དུང་ཁོར་ཡུག་སྲུང་སྐྱོང་གི་ལག་རྩལ་ཡང་བསླབས་ཡོད་པས། ཐོན་ཁུངས་གསར་སྤེལ་དེ་བས་ནུས་ཆེ་དང་ཁོར་ཡུག་ལ་ཤུགས་རྐྱེན་ཕོག་ཚད་སྔར་བས་ཆུང་དུ་ཕྱིན་ནས་ས་གནས་དེ་གའི་གྲོང་མིས་ཁས་ལེན་ཡག་པོ་བྱས་ཡོད། གཉིས་ཁེ་མཉམ་ལས་ཀྱིས་ཕེ་རུའི་དཔལ་འབྱོར་འཕར་རྒྱུར་སྐུལ་མ་ཐེབས་པ་མ་ཟད། ད་དུང་ས་གནས་དེ་གའི་གྲོང་མིར་དངོས་དངོས་རྗེན་རྗེན་གྱི་ཕན་པ་ཡང་སྦྱིན་ཡོད།
ཀྲུའུ་ཞི་ཞི་ཅིན་ཕིང་གིས་ད་ཐེངས་ཀྱི་འཚམས་འདྲི་གནང་རིང་ཕེ་རུ་དང་ཀྲུང་གོའི་དབར་ཕེ་ཀྲུང་རང་མོས་ཚོང་དོན་གྲོས་ཆོད་ཀྱི་རིམ་སྤོར་གྲོས་དོན་ཆོད་ཡིག་ལ་མིང་རྟགས་བཀོད་ཡོད། འདི་ལོའི་ཟླ་6པར། རྒྱལ་ཁབ་གཉིས་པོས་ངོ་བོའི་རང་བཞིན་གྱི་སྒོ་ནས་རང་མོས་ཚོང་དོན་ཆོད་ཡིག་གི་རིམ་སྤོར་གྲོས་མོལ་ལེགས་གྲུབ་བྱུང་བའི་ཁྱབ་བསྒྲགས་བྱས་ཡོད། 2009ལོར་རང་མོས་ཚོང་དོན་ཆོད་ཡིག་ལ་མིང་རྟགས་བཀོད་ཚུན། ཕེ་ཀྲུང་ཕྱོགས་གཉིས་པོའི་ཚོང་དོན་གྱི་དངུལ་འབོར་བརྟན་པོའི་ངང་འཕར་བ་དང་། ཤིང་འབྲས་ཉིའུ་ཡིའུ་གོ་དང་ལན་མེ་སོགས་ཕེ་རུས་ཀྲུང་གོར་ཕྱོགས་པའི་སྲོལ་རྒྱུན་མིན་པའི་ཚོང་དོན་ཕྱིར་གཏོང་བྱེད་ཚད་227%འཕར་ཡོད། རང་མོས་ཚོང་དོན་ཆོད་ཡིག་རིམ་སྤོར་བྱུང་བ་དེས་ཕེ་རུའི་ཁེ་ལས་འབྲིང་ཆུང་གིས་ཀྲུང་གོའི་ཁྲོམ་རར་སྔར་བས་སྟབས་བདེའི་ངང་ཞུགས་རྒྱུར་ཕན་ཐོགས་བྱུང་བ་མ་ཟད། ད་དུང་ཀྲུང་གོའི་ཁེ་ལས་ཀྱིས་ཕེ་རུར་མ་འཇོག་བྱེད་ཁྱོན་སྔར་བས་ཆེ་རུ་གཏོང་རྒྱུར་ཕན་ཐོགས་བྱུང་ནས་ཕེ་རུའི་ལྕགས་ལམ་དང་གྲུ་ཁ་སོགས་རྨང་གཞིའི་སྒྲིག་བཀོད་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ཡོད། རང་མོས་ཚོང་དོན་ཆོད་ཡིག་རིམ་སྤོར་བྱུང་བ་ལས་རྒྱལ་ཁབ་གཉིས་པོའི་ཁེ་ལས་ཀྱི་ཞབས་ཞུའི་ཁྱབ་ཁོངས་ཐད་མཉམ་ལས་ཀྱི་གོ་སྐབས་དེ་བས་མང་བ་འཕྲད་ནས་ཕེ་རུའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གསོན་ཤུགས་གསར་པ་སྦྱིན་ཡོད།
འདི་ལོ་ངས་བཏོན་པའི་གྲོས་གཞི་ཞིག་ལ་ཕེ་རུའི་རྒྱལ་ཚོགས་ཐོག་དངོས་སུ་གྲོས་འཆམ་བྱུང་ནས་ལོ་ལྟར་གྱི་ཟླ་2ཚེས་1ཉིན་དེ“ཕེ་ཀྲུང་མཛའ་གྲོགས་ཉིན་མོར”གཏན་འཁེལ་བྱས་ཡོད། ཉིན་མོ་དེ་གཏན་འཁེལ་བྱེད་དོན་ནི་ཉིན་དེར་ཀྲུང་གོའི་དཔྱིད་གསར་དུས་ཆེན་འཆར་ཉེར་ཡོད་པས་དྲོ་སྐྱིད་དང་མཐུན་སྒྲིལ་མཚོན་གྱི་ཡོད། རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་ནི་བཀྲ་ཤིས་པའི་དཔྱིད་གསར་དུས་ཆེན་དང་འདྲ་བར་མི་སེམས་ལ་དྲོ་སྐྱིདའཕེལ་བས་རེད། “ཕེ་ཀྲུང་མཛའ་གྲོགས་ཉིན་མོ”བཙུགས་པ་དེའང་ཕྱི་ཁོངས་ཀྲུང་གོ་བའི་ཚོགས་པས་ཕེ་རུའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཕུལ་བའི་ལེགས་སྐྱེས་ཁས་ལེན་བྱས་པ་དང་ཐུགས་རྗེ་ཆེ་ཞུས་པ་ཞིག་རེད། “ཕེ་ཀྲུང་མཛའ་གྲོགས་ཉིན་མོ”ལས་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱིས་འབྱུང་འགྱུར་མཉམ་ལས་དེ་བས་དམ་ཟབ་བྱ་རྒྱུར་སྐུལ་མ་ཐེབས་རྒྱུ་ཡིན་པ་ང་ལ་ཡིད་ཆེས་ཡོད།
ཕེ་རུ་དང་ཀྲུང་གོའི་མཉམ་ལས་ཀྱི་མདུན་ལྗོངས་ལ་ངར་དེ་བས་ཡིད་ཆེས་ཀྱིས་ཁེངས་སོང་།
ཕེ་ཀྲུང་རྒྱལ་ཁབ་གཉིས་པོས་མུ་མཐུད་ལག་གདང་སྦྲེལ་ནས་མདུན་སྐྱོད་བྱས་ཏེ་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་རྩ་དེ་བས་ཆེ་བ་བསྐྲུན་རྒྱུ་དང་རྒྱལ་སྤྱིའི་སྤྱི་ཚོགས་ལ་ཞི་བདེ་དང་འཕེལ་རྒྱས་ཀྱི་དྲང་ནུས་དེ་བས་མང་བ་སྦྱིན་ངེས་རེད།
(རྩོམ་པ་པོ་ནི་ཕེ་རུའི་རྒྱལ་ཚོགས་ཀྱི་གྲོས་མི་དང་ཕེ་ཀྲུང་མཛའ་གྲོགས་ཚོགས་ཆུང་གི་ཀྲུའུ་ཞི་ཡིན)