མཚོ་སྔོན་གྱིས“ཞབས་འདེགས་ཞུ་སྟངས་ལྔར”བརྟེན་ནས་མི་རིགས་མཐུན་སྒྲིལ་གྱི“འབྲེལ་ཐག་ལྔ”བཙུགས་པ།
འདི་ནི་ཧོ་ཧྥ་ཡོན་གྱིས་གཅེས་སེམས་སྐྲ་ཁང་དུ་སྡེ་ཁུལ་གྱི་རྒན་རྒོན་ལ་སྐྲ་གཞར་བཞིན་པ། འདི་ག་ཚགས་པར་གྱི་གསར་འགོད་པ་ཏིང་ཡུས་མེས་པར་བརྒྱབ།
“རྒན་པའེ་ལགས། ངའི་ཁྱིམ་གྱི་གློག་ཕྲུ་འདི་ཡང་སྐྱོན་ཤོར་འདུག་པས་ཁྱེད་ཀྱིས་བཟོ་རོགས་གནོངས” ཟླ་10ཚེས་29ཉིན་ནི་གཟའ་མིག་དམར་འཁེལ་བས། དེ་ཉིན་ནི་ཟུར་གསུམ་གྲོང་སྡེ་ཁུལ་གཅེས་སེམས་ཞབས་ཞུའི་ས་ཚིགས་ཀྱི“རྒན་པའེ་ལགས་ཀྱི་གློག་ཆས་ཉམས་བཟོའི”ཉིན་མོ་རེད། སྡེ་ཁུལ་གྱི་གྲོང་མི་ཚོས་ཉམས་བཟོ་བྱེད་དགོས་རིགས་ཀྱི་རང་ཁྱིམ་གྱི་གློག་ཕྲུ་དང་གློག་ཐབ་སོགས་གློག་ཆས་ཁྱེར་ཏེ་ཞབས་ཞུ་ས་ཚིགས་སུ་གྲལ་སྟར་རིང་པོ་བསྒྲིགས་ནས་བསྡད་འདུག
ཟུར་གསུམ་གྲོང་སྡེ་ཁུལ་ནི་མི་རིགས་མང་པོ་ཕན་ཚུན་གཅིག་རྟེན་གྱི་སྡེ་ཁུལ་ཞིག་ཡིན་ཞིང་། དེ་ནི་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་མདའ་བཞི་རྫོང་ཟུར་གསུམ་གྲོང་རྡལ་དུ་གནས་ཤིང་། དེ་གར་རྒྱུན་སྡོད་མི་འབོར་དུད་ཚང་1572དང་གྲོང་མི་5269ཡོད་པ་མཉམ་དུ་འཚོ་བ་སྐྱེལ་བའི་ཁྲོད་གྲངས་ཉུང་མི་རིགས་ཀྱི་མི་འབོར་གྱིས་27%བཟུང་ཡོད།
མི་རིགས་ཁག་གི་མང་ཚོགས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་མཉམ་སྤྱོད་ཐུབ་མིན་གྱི་འགག་རྩ་ནི་དམངས་འཚོའི་གནད་དོན་ཐག་གཅོད་འོས་འཚམ་བྱས་མིན་ལ་ཐུག་ཡོད།
ཟུར་གསུམ་གྲོང་སྡེ་ཁུལ་གྱི་ཏང་ཀྲི་པུའི་ཧྲུའུ་ཅི་ཚུའེ་ཧྲེང་ཤིའུ་ཡིས། “ང་ཚོའི་སྡེ་ཁུལ་དུ་རྒན་རྒོན་དང་དབང་པོ་སྐྱོན་ཅན་560ལྷག་ཙམ་ཡོད། ནང་མི་ཚང་མ་རྒན་རྒོན་ཡིན་པ་དང་། ཁེར་སྡོད་རྒན་རྒོན་དང་ལོ་ན་མཐོ་བའི་རྒན་རྒོན་བཅས་མང་པོ་ཡོད་སྟབས། ཁོང་ཚོར་ཉིན་མོའི་ལྟ་སྐྱོང་དང་བསམ་པའི་དགོས་མཁོ་སོགས་ཀྱི་གནད་དོན་ཅུང་མངོན་གསལ་དོད་པོ་ཡོད”ཅེས་བརྗོད་པ་དང་། ཁོང་གིས། རྒན་རྒོན་གྱི་ཞབས་ཞུའི་ལས་དོན་ཡག་པོ་སྒྲུབ་པ་ནི་སྡེ་ཁུལ་གྱི་གོང་བུ་འགྲིལ་ཤུགས་ཆེ་རུ་གཏོང་བ་དང་འཆམ་མཐུན་གྱི་རྣམ་པ་གཏོད་པའི་ལས་དོན་གལ་ཆེའི་ནང་གི་འགངས་ཆེན་ཞིག་རེད་ཅེས་བརྗོད།
ན་ནིང་ཟླ་གསུམ་པར། ཟུར་གསུམ་གྲོང་རྡལ་ཟུར་གསུམ་གྲོང་སྡེ་ཁུལ་གྱི་ཏང་ཀྲི་པུས“དམངས”དང“སེམས”ཀྱི་ལྟེ་བའི་གནད་དོན་ཆེན་པོ་གཉིས་ལ་དམ་པོར་དམིགས་ནས། ཏང་ཡོན་ལས་བྱེད་པའི་སྣེ་ཁྲིད་ཀྱི་ནུས་པ་གང་ལེགས་འདོན་པ་དང་། གསར་བརྗེའི“ཞབས་འདེགས་ཞུ་སྟངས་ལྔའི”སྤུས་རྟགས་གཏོད་རྒྱུ་འཚོལ་ཞིབ་ཧུར་ཐག་བྱེད་པ། གཞི་རིམ་བཅོས་སྐྱོང་གི་ཆུ་ཚད་དང་མང་ཚོགས་ལ་ཞབས་འདེགས་ཞུ་བའི་འཇོན་ཐང་མུ་མཐུད་ཆེ་རུ་གཏོང་བ་བཅས་བྱས་པ་དེས་སྡེ་ཁུལ་གྱི་མང་ཚོགས་བློ་ཡིད་ཚིམ་ཚད་མཐོ་བ་དང་གྲོང་པ་ཁྱིམ་མཚེས་དབར་གྱི་འབྲེལ་བ་འཆམ་མཐུན་ཆེ་བའི་རྣམ་པ་བཟང་པོ་ཞིག་ཆགས་ཡོད།
གསར་བརྗེའི“ཞབས་འདེགས་ཞུ་སྟངས་ལྔའི”ནང་། རྒན་ཀྲང་ལགས་ཀྱི་སེམས་རྩ་འཁོལ་བའི་གྲི་བརྡར་ས་དང་། རྒན་པའེ་ལགས་ཀྱི་གློག་ཆས་ཉམས་བཟོ་ཁང་། རྒན་ཧོ་ལགས་ཀྱི་གཅེས་སེམས་སྐྲ་ཁང་། ཁྲིམས་རྩོད་པ་ལི་ལགས་ཀྱི་བཅའ་ཁྲིམས་བློ་འདྲི་ཁང་དང་གཅེས་སེམས་དཔེ་ཁང་སོགས་ཚུད་ཡོད། སྡེ་ཁུལ་གྱིས་ཉིན་ཕྱེད་རིང་གནས་གཏན་འཁེལ་བྱས་ནས་ཞབས་ཞུ་དང་ཉིན་ཕྱེད་རིང་སྒོ་རྩར་ཞབས་འདེགས་ཞུ་བའི་ཐོག་ནས། ཁོངས་གཏོགས་ཁུལ་གྱི་མི་རིགས་ཁག་གི་གྲོང་མི་མང་ཚོགས་ལ་ཞབས་འདེགས་སེམས་རྩ་འཁོལ་པོས་ཞུ་བཞིན་ཡོད།
ད་ལོ་ལོ་64ལ་སླེབས་པའི་ཞིང་འབྲོག་ཏང་ཡོན་ལའོ་སའེ་ལི་ཡིས་རོགས་པ་ཚོ་དང་མཉམ་དུ་སྡེ་ཁུལ་གྱི་ཞབས་བྲོ་ཁང་གི་ནང་སྦྱོང་ཚར་རྗེས། མཚོ་ནུབ་ཁུལ་ཆུང་གི་གྲོང་མི་རྒན་གྲས་ཁྲའོ་ལན་ལ་ལྟ་བར་ཡོང་ཡོད། ལའོ་སའེ་ལི་ཡིས།“སྡེ་ཁུལ་གྱིས་རྒན་རྒོན་ལ་སེམས་ཁུར་ཆེན་པོ་བྱེད་ཀྱི་ཡོད། ཏང་ཡོན་ཞིག་ཡིན་པའི་ངོས་ནས་ང་ཚོས་སྣེ་ཁྲིད་ཀྱི་ནུས་པ་དེ་བས་ལེགས་པར་བཏོན་ནས། ཚང་མར་དཀའ་ངལ་འཕྲད་སྐབས་ང་ཚོས་རོགས་རམ་བྱེད་དགོས”ཞེས་བརྗོད། ཁྲའོ་ལན་གྱི་གཟུགས་པོ་ཐང་པོ་མེད་པས། ལའོ་སའེ་ལི་ཡིས་ཡང་སེ་ཁོང་གི་ཁྱིམ་དུ་བསྐྱོད་ནས་ཁོང་ལ་བསྡུ་གསོག་རྒྱག་རོགས་དང་ཅི་འཕྲོས་མོལ་འཕྲོས་བྱེད་ཀྱི་ཡོད།
ཟུར་གསུམ་གྲོང་སྡེ་ཁུལ་དུ་ལའོ་སའེ་ལི་དང་འདྲ་བའི་གྲོང་མི་ད་དུང་མང་པོ་ཡོད། ལུའུ་ཧའེ་ལན་ནི་རྒན་ཡོལ་ཞུས་པའི་དགེ་རྒན་རྒན་གྲས་ཤིག་ཡིན་ཞིང་། ཁོང་གིས་སྡེ་ཁུལ་དུ་ཡོད་པའི་མཱ་ཀྲན་ཧྥུའུ་རྒན་རྒོན་གཉིས་གཅིག་པུར་འཚོ་བ་སྐྱེལ་བ་མཐོང་སྐབས། རང་འགུལ་ངང་ཁོང་ཚོར་འཚོ་བའི་མཁོ་ཆས་ཉོ་རོགས་བྱེད་ལ། ལོ་གསར་དང་དུས་ཆེན་འཆར་རིམ་བཞིན་འཚོ་བའི་གྲོན་དངུལ་ཡང་སྤྲོད་ཀྱི་ཡོད། མ་གཞི་མི་རིགས་མི་འདྲ་ནའང་རྒན་རྒོན་གཉིས་པོ་ཁྱིམ་ཚང་གཅིག་ལྟར་ཧ་ཅང་འཆམ་པོ་ཡོད།
ཚུའེ་ཧྲེང་ཤིའུ་ཡིས། སྡེ་ཁུལ་གྱི་ཞབས་ཞུར་གཅེས་སེམས་དང་བརྩེ་སེམས་ཆེན་པོ་ལྡན་སྟབས། མི་རིགས་ཁག་གི་གྲོང་མི་ཚོའི་རྒྱུན་གཏན་གྱི་འཚོ་བའི་ཁྲོད་ད་གཟོད་མཐུན་སྒྲིལ་རོགས་རེས་ཀྱི་རྣམ་པ་བཟང་པོ་ཞིག་ཆགས་པའི་ངོས་འཛིན་བྱས་ཤིང་། ཁོང་གིས། “ང་ཚོས་རྒྱུན་དུ་ཁོམ་པ་ཡོད་སྐབས་ཁེར་སྡོད་རྒན་རྒོན་གྱི་ཁྱིམ་དུ་བསྐྱོད་དེ་ཁོང་ཚོར་སྐྲ་བཞར་བ་དང་གཙང་སྦྲ་བྱེད་པ་མ་ཟད། རྒན་རྒོན་ཚོ་དང་མཉམ་དུ་ཅི་འཕྲོས་མོལ་འཕྲོས་ཀྱང་བྱེད་ཀྱི་ཡོད། རིམ་གྱིས་གྲོང་མི་མང་པོ་ཞིག་ཀྱང་རང་འགུལ་ངང་ང་ཚོའི་དཔུང་ཁག་ནང་ཞུགས་པས། སྡེ་ཁུལ་གྱི་གྲོང་པ་ཁྱིམ་མཚེས་དབར་གྱི་འབྲེལ་བ་སྔར་བས་ཡག་ཏུ་ཕྱིན་ཡོད”ཅེས་བརྗོད།
ཞབས་ཞུའི་ལས་དོན་ཡག་པོ་སྒྲུབ་པ་དང་ཆབས་ཅིག ཟུར་གསུམ་གྲོང་སྡེ་ཁུལ་གྱིས་སྡེ་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་ཀྱི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་དང་འཐུས་སྒོ་ཚང་དུ་བཏང་ནས། གྲོང་མི་ཚོ་བློ་བདེའི་ངང་འཚོ་བ་སྐྱེལ་ཐུབ་པ་བྱེད་ཀྱི་ཡོད། ཤིན་རུའེ་ཁྱིམ་གཞིས་སུ་སྡོད་མཁན་བགྲེས་སོང་ཀྲང་ལགས་ཀྱིས། “ད་ལོའི་ཟླ་ལྔ་པར་མི་རིགས་མཐུན་སྒྲིལ་གྱི་རིག་གནས་བར་ཁྱམས་བསྐྲུན་པ་ནས་བཟུང་། ང་ཚོ་རྒན་རྒོན་ཚོ་འདི་གར་འཛོམས་ནས་མི་རིགས་མཐུན་སྒྲིལ་གྱི་རྒྱུན་ཤེས་ལ་རྒྱུས་ལོན་བྱེད་པ་མ་ཟད། ཚང་མ་མཉམ་དུ་མིག་མངས་རྩེ་བ་དང་ཅི་འཕྲོས་མོལ་འཕྲོས་ཀྱང་བྱེད་ཀྱི་ཡོད”ཅེས་འཛུམ་དམུལ་དམུལ་ངང་བརྗོད།
ཚུའེ་ཧྲེང་ཤིའུ་ཡིས། “མི་རིགས་མཐུན་སྒྲིལ་གྱི་རིག་གནས་བར་ཁྱམས་གཏོད་པའི་ཐོག་མའི་དམིགས་ཡུལ་ནི་བར་ཁྱམས་རིང་པོར་བརྟེན་ནས་ཁོར་ཡུག་མཛེས་སུ་གཏོང་བ་དང་གྲིབ་བསིལ་སྣུམ་པོར་ངལ་གསོ་ཐུབ་རྒྱུ་དེ་ཡིན་ལ། དེ་བས་གལ་ཆེ་བ་ནི‘སེ་འབྲུའི་རྡོག་ལྟར་ཁྱིམ་གཞིས’ཀྱི་སྤུས་རྟགས་ནུས་པ་གང་ལེགས་བཏོན་ཏེ། ‘སེ་འབྲུའི་རྡོག་ལྟར་ཁྱིམ་གཞིས’སྐྲུན་ཤུགས་དེ་བས་ཆེ་རུ་གཏོང་རྒྱུ་དེ་ཡིན”ཞེས་་གསར་འགོད་པར་བརྗོད་བྱུང་། ཁོང་གིས། ཉེ་བའི་ལོ་ཤས་རིང་། ཟུར་གསུམ་གྲོང་སྡེ་ཁུལ་གྱིས་མི་རིགས་མཐུན་སྒྲིལ་གྱི་རིག་གནས་བར་ཁྱམས་རིང་པོ་སྐྲུན་པ་སོགས་ཀྱི་བྱེད་ཐབས་རབ་དང་རིམ་པ་བརྒྱུད། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་དྲིལ་བསྒྲགས་སློབ་གསོའི་ལས་དོན་སྒྲུབ་ཤུགས་སྔར་བས་ཟབ་ཏུ་བཏང་སྟེ། ཏང་གི་མི་རིགས་ཀྱི་རིགས་པའི་གཞུང་ལུགས་ཀྱི་སྲིད་ཇུས་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་མང་ཚོགས་ཀྱི་འཚོ་བའི་ཁྲོད་ཁྱབ་པར་བྱས་ཡོད་ཅེས་བརྗོད།
ཁྲའོ་ལན་གྱི་ཁྱིམ་ནས་བྲལ་རྗེས་ལའོ་སའེ་ལི་ཏང་ཡོན་གཞན་དག་ཚོ་དང་མཉམ་དུ་སྡེ་ཁུལ་དུ་གཙང་སྦྲ་བྱེད་པར་བསྐྱོད་ཅིང་། མི་ཚང་མ་གད་སྙིགས་སྒྲུག་པ་དང་དབོར་བ་སོགས་ཀྱི་ལས་ཀར་བྲེལ་བཞིན་པ་མཐོང་སྐབས། ཁོང་གིས་“སྡེ་ཁུལ་གྱི་དྲིན་གྱིས་ང་ཚོ་མི་རིགས་ཁག་གི་སྤུན་ཟླ་རྣམས་མཉམ་དུ་འཛོམས་སྐལ་བྱུང་བ་རེད། མི་རིགས་ཁག་གི་མང་ཚོགས་དབར་མཐུན་སྒྲིལ་མཛའ་བཤེས་དང་ཕན་ཚུན་རོགས་རེས་བྱས་ཚེ། ང་ཚོའི་སྡེ་ཁུལ་གྱི་ཁྱིམ་ཚང་ཆེན་པོ་འདི་ཇེ་ཡག་ཏུ་འགྲོ་ངེས་རེད”ཅེས་འཛུམ་དམུལ་དམུལ་ངང་བརྗོད།