ཁྱིམ་ཚང་ཁྲི་སྟོང་མང་པོར“ས་མཐོའི་དབུགས་རྡིག”སྤྲད་ནས་མི་སེམས་ལ་དྲོ་སྐྱིད་སྦྱིན་པ།
“གངས་ལྷ་མེ་ཏོག”ཐོན་རྫས་ལས་ས་མཐོའི་མི་སེར་ལ་བདེ་སྐྱིད་ཐོབ་པ།
བོད་དུ་ས་བབ་མཐོ་བ་དང་། རླུང་གནོན་དམའ་བ། འཁོལ་འགོར་བ་སོགས་ཀྱི་རྐྱེན་པས་ལྟོ་ཆས་འཚོད་ཁག་པོ་ཡོད། ཁྲོམ་རའི་ཐོག་གི་སྲོལ་རྒྱུན་དབུགས་རྡིག་སྤྱོད་སྟངས་རྙོག་འཛིང་ཆེ་བ་དང་། གནོན་ཤུགས་རང་འགུལ་ངང་སྙོམས་སྒྲིག་མི་ཐུབ་པ། ནུས་པ་ཅུང་རྐྱང་པ་བཅས་ལས་ས་མཐོའི་མང་ཚོགས་ཚོའི་གཡོས་སྦྱོར་གྱི་དགོས་མཁོ་ཡག་པོ་སྐོང་མི་ཐུབ་པའི་ཁར་ད་དུང་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཡང་ཡོད་པས་གནད་དོན་དེ་ཐག་གཅོད་ཇི་ལྟར་བྱེད་དགོས་སམ།
ཉིན་ཤས་གོང་། གནད་དོན་དེ་དག་ལ་དམིགས་ནས་གསར་འགོད་པ་བོད་ལྗོངས་ཧྲང་ཁྲུའུ་ཐབ་ཆས་ཚན་རྩལ་ཚད་ཡོད་ཀུང་སིར་བསྐྱོད་པ་ཡིན། ཀུང་སིར་འབྱོར་མ་ཐག“གངས་ལྷ་མེ་ཏོག”རྟགས་ཅན་གྱི་ས་མཐོའི་དབུགས་རྡིག་དང་། རང་འགུལ་ཇ་སྲུབ་འཕྲུལ་ཆས་སོགས་ཀྱི་ཐོན་རྫས་སྣ་ཚོགས་མིག་ལམ་དུ་ཁྲ་ལྷམ་མེར་མངོན།
ཀུང་སིའི་འགན་འཁུར་བ་ཀའོ་ཅིའུ་ཧོ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། ཀུང་སི་ནི་བོད་ལྗོངས་ཀྱི་ས་མཐོའི་ནུས་མང་ཐབ་ཆས་སྣ་ཚོགས་ཐོན་སྐྱེད་བྱེད་མཁན་ཁེ་ལས་དང་པོ་ཡིན་ཞིང་། མིག་སྔར་ནུས་མང་དབུགས་རྡིག་དང་དེ་བཞིན་འབྲེལ་ཡོད་ཐོན་རྫས་ཐོན་སྐྱེད་འཁོར་ཁང་10བསྐྲུན་ཟིན་པ་དང་། ས་མཐོའི་རླངས་བཙོས་སྒམ་དང་། ས་མཐོའི་ཆུ་སྐོལ་གློག་ཆས། ས་མཐོའི་ཕྱི་རོལ་མཁོ་ཆས་སོགས་རིགས་ཆེ་གྲས་7གྱི་ཐོན་རྫས་སྣ་ཁ་30ལྷག་ཙམ་ཞིབ་བཟོ་ཐོན་སྐྱེད་བྱེད་བཞིན་ཡོད་པ་རེད། ཁོང་ཚོའི་ཐོན་རྫས་ཧྲིལ་པོའི་ལག་རྩལ་དང་ས་མཐོའི་གོ་ཆོད་རང་བཞིན་རྒྱལ་སྤྱིའི་སྔོན་ཐོན་གྱི་ཆུ་ཚད་དུ་སླེབས་ལ། ས་མཐོའི་དབུགས་རྡིག་དང་། ས་མཐོའི་རླངས་བཙོས་སྒམ། ས་མཐོའི་ཆུ་སྐོལ་གློག་ཆས་སོགས་ཐོན་རྫས་གཙོ་བོ་དག་རྦད་དེ་བོད་ལྗོངས་རང་ས་ནས་ཐོན་སྐྱེད་བྱེད་ཐུབ་ཡོད།
ས་མཐོར་འཚམ་པའི་ནུས་མང་ཐབ་ཆས་ཞིབ་འཇུག་གསར་སྤེལ་དང་ཁྱབ་གདལ་གཏོང་རྒྱུ་ནི་རང་སྐྱོང་ལྗོངས་ཀྱིས་སྐུལ་འདེད་བཏང་བའི་དམངས་འཚོའི་འདུ་འགོད་གལ་ཆེན་ཞིག་རེད།
2022ལོར་རང་སྐྱོང་ལྗོངས་ཀྱིས་བཟོ་ལས་དང་ཆ་འཕྲིན་ཅན་པུའུ་དང་འབྲེལ་མཐུད་ཧུར་ཐག་བྱས་ནས་ཀྲུང་གོ་ལྕགས་རིགས་ཐོན་རྫས་མཐུན་ཚོགས་དང་། ཀྲུང་གོ་རྒྱུན་སྤྱོད་ལྕགས་རིགས་ལག་རྩལ་གསར་སྤེལ་ལྟེ་གནས། རྒྱལ་ནང་གི་སྣེ་འདྲེན་ཐབ་ཆས་ཁེ་ལས་6བཅས་སྒྲིག་འཛུགས་བྱས་ཏེ་ས་མཐོར་འཚམ་པའི་དབུགས་རྡིག་ཞིབ་བཟོ་བྱེད་འགོ་བཙུགས།
ཟླ་3ལྷག་ཙམ་རིང་ཞིབ་སྤེལ་འགག་སྒྲོལ་བྱས་ནས་ལག་རྩལ་ཞིབ་བསྡུར་དང་། མ་དཔེ་འགྲེམས་སྟོན། ཞིབ་འཇུག་ལེགས་བཅོས་བཅས་ཐེངས་20ལྷག་ཙམ་བྱས་པ་བརྒྱུད། 《ས་མཐོའི་ནུས་མང་ཐབ་ཆས》ཀྱི་ལས་རིགས་ཚད་གཞི་ཁྱབ་བསྒྲགས་བྱས་པ་དང་། ས་མཐོའི་འཚོ་བ་དངོས་དང་འབྲེལ་བའི“གངས་ལྷ་མེ་ཏོག”རྟགས་ཅན་གྱི་ཐབ་ཆས་རབ་དང་རིམ་པ་གཅིག་རྗེས་གཉིས་མཐུད་ངང་བཏོན་ཏེ། “རླངས་པ་འབུད་མགྱོགས་པ་དང་། རླངས་པ་འབུད་སྐབས་འགོག་སྲུང་གི་ནུས་པ་ལྡན་པ། གསལ་ཆ་ཆེ་བ”སོགས་ཀྱི་ལག་རྩལ་གསར་གཏོད་མང་པོ་མངོན་འགྱུར་བྱུང་ཞིང་། ཁེ་བེད་བདག་ཐོབ་ཁག་18ཐོབ་པ་དང་། ས་མཐོའི་ཐབ་ཆས་བཀོལ་སྤྱོད་དང་བེད་སྤྱོད་སྔར་བས་སྟབས་བདེ་དང་། གནོན་ཤུགས་བཀོད་སྒྲིག་སྔར་བས་སྟབས་བདེ། གཡོས་སྦྱོར་ནུས་པ་སྔར་བས་ཆ་ཚང་བ་སོགས་ཀྱི་ལག་རྩལ་ཚད་བརྒལ་བྱུང་སྟེ། རྒྱལ་ཁབ་ཕྱི་ནང་གི་སྟོང་ཆ་བསྐངས་པ། ཐོན་རྫས་ཧྲིལ་པོའི་ལག་རྩལ་དང་ས་མཐོར་སྤྱོད་རྒྱུར་འཚམ་པའི་རྒྱལ་སྤྱིའི་སྔོན་ཐོན་གྱི་ཆུ་ཚད་དུ་སླེབས་པ་རེད།
2022ལོའི་ཟླ་11ཚེས་20ཉིན་ས་མཐོའི་ནུས་མང་ཐབ་ཆས་ཐོན་སྐྱེད་བྱེད་མཁན་ཐོག་མ་ཡིན་པའི་བོད་ལྗོངས་ཧྲང་ཁྲུའུ་ཐབ་ཆས་ཚན་རྩལ་ཚད་ཡོད་ཀུང་སིས་དངོས་སུ་ཐོན་སྐྱེད་བྱེད་འགོ་ཚུགས་ཤིང་། བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ཡི་རྒྱབ་སྐྱོར་དང་མཛུབ་ཁྲིད་འོག་རང་ལྗོངས་ཀྱིས་སྲིད་གཞུང་ནས་ཁ་གསབ་ཕྲན་བུ་སྤྲོད་པ་དང་། ཞིང་འབྲོག་མང་ཚོགས་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་རང་ཉིད་ཀྱིས་དངུལ་ཕྲན་བུ་འདོན་པ། ཁེ་ལས་ཀྱིས་རིན་གོང་ཕྲན་བུ་གཅོག་པ་བཅས་ཀྱི་བྱ་ཐབས་སྤྱད་དེ་ཞིང་འབྲོག་མང་ཚོགས་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི། རིམ་ཁག་བཟོ་ཚོགས་བཅས་ལ་ས་མཐོའི་ཐབ་ཆས་ཉོ་བར་ཁ་གསབ་སྤྲད་ཡོད། མིག་སྔའི་བར་ལྗོངས་ཡོངས་ཀྱི་གྲོང་ཁྱེར(ས་ཁུལ)7དུ“གངས་ལྷ་མེ་ཏོག”རྟགས་ཅན་གྱི་ས་མཐོའི་ཐབ་ཆས་ཁྲི་90ལྷག་ཙམ་བཙོངས་ནས་མང་ཚོགས་ལ་ཕན་པ་ཆེན་པོ་ཐོབ་ཡོད།
ཀའོ་ཅིའུ་ཧོ་ཡིས་གསར་འགོད་པར། ཀུང་སི་བཙུགས་རྗེས་སྤུས་རྟགས་ཐོ་འགོད་དང་། ཐོན་སྐྱེད་གཉེར་སྐྱོང་། ཕྱིར་ཚོང་ཁྱབ་གདལ། སྲིད་ཇུས་གཟིགས་སྐྱོང་། དེ་བཞིན་ལྟ་སྐོར་སྣེ་ལེན་སོགས་ཀྱི་ཐད་སྲིད་གཞུང་གིས་ཁྱོན་ཡོངས་ནས་རྒྱབ་སྐྱོར་བྱས་ཏེ་ཐབས་དང་ཇུས་ཧུར་ཐག་བཏོན་པ་དང་། ལྷག་པར་དུ་འབྲེལ་ཡོད་རོགས་སྐྱོར་སྲིད་ཇུས་དང་བྱ་ཐབས་བཏོན་ནས་ཀུང་སིའི་ལས་སྒོ་ཁག་མགྱོགས་མྱུར་འཕེལ་རྒྱས་དང་ཁེ་ལས་ཀྱི་སྤུས་རྟགས་གཟུགས་བརྙན་གཏོད་པར་སྐུལ་འདེད་ཆེན་པོ་ཐུབ་ཡོད་ཅེས་བཤད།
ཐོན་རྫས་ཀྱི་སྤུས་ཚད་འགན་ལེན་བྱས་པ་དེ་ཡང་ཚོང་ཟོག་བྲིན་ཁ་རྒྱུག་པའི་རྒྱུ་རྐྱེན་གཅིག་ཡིན། ཐོན་རྫས་ཀྱི་རྒྱུ་སྤུས་འགན་ལེན་ནན་པོ་བྱ་ཆེད། ཐོན་རྫས་མཛོད་དུ་བཅུག་པ་ནས་བཟུང་ཆེད་མངགས་རྒྱུ་ཆར་ཞིབ་བཤེར་དང་། བཟོ་སྐྲུན་ལ་ཞིབ་བཤེར། ཁྲོམ་རར་འདོན་པར་ཞིབ་བཤེར་སོགས་ཀྱི་ཞིབ་བཤེར་བྱེད་ཐབས་ནན་པོ་སྣ་ཚོགས་བཟོས་ཡོད།
ལྷ་ས་གྲོང་ཁྱེར་གྱི་ལྟེ་གནས་སུ་ཡོད་པའི་ཉམས་ལེན་ཁང་ཞིག་ཏུ་ས་མཐོའི་དབུགས་རྡིག་དང་ས་མཐོའི་ཆུ་སྐོལ་གློག་ཆས་སོགས་ས་མཐོའི་ནུས་མང་ཐབ་ཆས་མང་པོ་བཤམས་པར་ཉམས་ལེན་བྱེད་པར་ཡོང་མཁན་གྲོང་མི་ཤིན་ཏུ་མང་། གྲོང་མི་ལྷག་པ་སྒྲོལ་མས“དེ་སྔ‘གངས་ལྷ་མེ་ཏོག’རྟགས་ཅན་གྱི་ས་མཐོའི་དབུགས་རྡིག་གཅིག་ཉོས་པ་ཡིན། དེ་རིང་སླར་ཡང་གཅིག་ཉོ་རྩིས་ཡོད། དབུགས་རྡིག་རྙིང་པ་དང་བསྡུར་ན་ས་མཐོའི་དབུགས་རྡིག་བཀོལ་སྤྱོད་བྱེད་བདེ་ལ་རྒྱུ་ཆ་ཡང་ཡག་པ་འདུག”ཅེས་གསར་འགོད་པར་བཤད།
ཁྱིམ་ཚང་ཁྲི་སྟོང་མང་པོར་ཁྱབ་པའི“ས་མཐོའི་ཐབ་ཆས”དག་གངས་ལྷ་མེ་ཏོག་དང་སྐལ་བཟང་མེ་ཏོག་བཞིན་ས་མཐོའི་གང་སར་བཞད་ཅིང་། ད་ཆ་ས་མཐོའི་ཐབ་ཆས་ཆུང་ཆུང་དེ་དག་གིས་ས་མཐོའི་མི་དམངས་ཚོའི་ལུས་སེམས་དྲོས་ནས་མི་སེར་གྱི་བདེ་སྐྱིད་ཚོར་སེམས་སྔར་བས་ཆེ་རུ་ཕྱིན་ཡོད།