དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་དང་མཚོ་སྔོན་གྱི་བཟོ་ལས་གླིང་།

    མཚོ་བོད་ས་མཐོའི“ཚེ་སྲོག་གི་བར་བརྒྱུད་ས་ཚིགས”

    བོད་ལྗོངས་ཉིན་རེའི་ཚགས་པར་དང་མཚོ་སྔོན་ཉིན་རེའི་ཚགས་པར་གྱི་མཚོ་བོད་ལམ་ཐིག་མཉམ་འབྲེལ་འཕྲིན་སྤེལ་ཚོགས་ཆུང་གིས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-12-03

    འདི་ནི་བོད་ལྗོངས་ལིའུ་ཧྭ་རྫས་འགྱུར་བཟོ་ལས་འཕེལ་རྒྱས་ཚད་ཡོད་ཀུང་སིའི་ཐོན་སྐྱེད་འཁོར་ཁང་ཡིན་པ།

    འདི་ཁུལ་ནི་ཐོན་ཁུངས་ལས་སྣོན་ཞིབ་ཚགས་བྱ་ཡུལ་དང་འཁོར་རྒྱུག་དཔལ་འབྱོར་གྱི་ཚོད་ལྟ་བྱ་ཡུལ་ཞིག་ཡིན་ལ། ཟོག་འགྲེམས་ཚོང་དོན་གྱི་འགག་རྩའི་ས་ཚིགས་ཤིག་ཀྱང་རེད། སྔོན་ཆད་གང་སར་བྱེ་སས་ཁེངས་པ་ནས་ད་ཆ་སྔོ་ལྗང་ལྗོན་ཤིང་གིས་བརྒྱན་པའི་བར་དང་། བོད་དང་མཚོ་སྔོན་གྱི་བཟོ་ལས་གླིང་དེ་ཉིད་ཐང་རྒོད་ནས་དར་རྒྱས་བར་གྱི་འགྱུར་ལྡོག་ཆེན་པོ་བྱུང་སྟེ་མཚོ་བོད་ས་མཐོའི་གསོན་ཤུགས་ཀྱིས་ཁེངས་པའི“ཚེ་སྲོག་གི་བར་བརྒྱུད་ས་ཚིགས”ཤིག་ཏུ་གྱུར་ཡོད།

    རེ་བས་ཁེངས་པའི་ས་གཞི་འདིར་ཁེ་ལས་དང་མི་སྒེར་མང་པོ་ཞིག་གིས་མཉམ་དུ་ལྗང་མདོག་འཕེལ་རྒྱས་དང་དཔལ་འབྱོར་དར་རྒྱས་ཀྱི་འོད་སྟོང་འཕྲོ་བའི་ལེའུ་ཞིག་བརྩམས་ཡོད།

    མི་མེད་ལུང་སྟོང་གི་ཐང་རྒོད་ནས་དེང་རབས་ཅན་གྱི་བཟོ་ལས་གླིང་བར་གྱི་འགྱུར་ལྡོག

    དུས་རབས་གོང་མའི་ལོ་རབས་50པའི་དུས་འགོར་གོར་མོ་ནི་ཚྭ་འདམ་གཤོང་སའི་ལྷོ་ངོས་ཀྱི་ཐང་རྒོད་ཅིག་ཡིན་མོད། འོན་ཀྱང་ད་ཆ་བོད་རང་སྐྱོང་ལྗོངས་ཀྱི་རྒྱབ་ཕྱོགས་མཁོ་སྒྲུབ་འགན་ལེན་རྟེན་གཞི་ཞིག་ཡིན་པའི་གོར་མོའི་བོད་ལྗོངས་རྟེན་གཞིས་བོད་དུ་ཟོག་འདྲེན་གསོག་ཉར་དང་། བར་བརྒྱུད། ཉོ་སྒྲུབ་བཅས་ཀྱི་འགན་འཁྲི་གལ་ཆེན་ཁུར་བཞིན་ཡོད་པ་བསམ་ཡུལ་ལས་འདས་པ་ཞིག་རེད།

    ཁྲོམ་རའི་དཔལ་འབྱོར་འཕེལ་རྒྱས་ཕྱིན་པ་དང་མཚོ་བོད་ལྕགས་ལམ་ཤར་གཏོང་ཐུབ་པ་དང་བསྟུན་ནས། གོར་མོའི་བོད་ལྗོངས་རྟེན་གཞིའི་སྲོལ་རྒྱུན་འགན་འཁྲི་ཡང་རིམ་བཞིན་ཆུང་དུ་ཕྱིན་ཏེ་ཕྱོགས་སྒྱུར་བྱེད་དགོས་ངེས་ཀྱི་དུས་སུ་སླེབས་ཡོད།

    2010ལོ་ནས་འགྱུར་ལྡོག་འགྲོ་འགོ་ཚུགས་ཤིང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ་འཚོགས་པ་དེས་མཚོ་སྔོན་ཞིང་ཆེན་དང་བོད་རང་སྐྱོང་ལྗོངས་ཀྱི་མཉམ་ལས་ལ་སྒུལ་ཤུགས་གསར་པ་བསྣན་ཡོད། ཚོགས་འདུའི་ཐོག་བཏོན་པའི“བཟོ་ལས་གླིང་གིས་ཁྱད་ལྡན་ལེགས་ཆའི་ཐོན་ཁུངས་ལས་སྣོན་ཞིབ་ཚགས་བྱེད་པའི་རིགས་པས་ཁུངས་སྐྱེལ་ལས་དོན་སྤེལ་དགོས”ཞེས་པ་དེས་བོད་དང་མཚོ་སྔོན་གྱི་བཟོ་ལས་གླིང་བསྐྲུན་པར་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད།

    བོད་རང་སྐྱོང་ལྗོངས་དང་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་དང་ལེན་ཧུར་ཐག་ཞུས་ནས། གྲོས་མོལ་ཐེངས་མང་དང་འབད་བརྩོན་ཧུར་ཐག་བྱས་པ་བརྒྱུད། 2013ལོར《གོར་མོའི་བོད་དང་མཚོ་སྔོན་གྱི་བཟོ་ལས་ཁུལ་བསྐྲུན་རྒྱུའི་སྐོར་གྱི་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན》ལ་ཐུན་མོང་ཐོག་མིང་རྟགས་བཀོད་པ་དེ་ཐོག་ནས་བོད་དང་མཚོ་སྔོན་གྱི་བཟོ་ལས་ཁུལ་སྐྲུན་པའི་ཐད་ངོ་བོའི་རང་བཞིན་གྱི་འཕེལ་རིམ་བྱུང་བ་མཚོན་ཡོད།

    བཅར་འདྲི་ཚོགས་ཆུང་བོད་དང་མཚོ་སྔོན་གྱི་བཟོ་ལས་ཁུལ་དུ་སྐྱོད་སྐབས། དང་ཐོག་མིག་ལམ་དུ་འཆར་བ་ནི་ཡངས་ཤིང་རྒྱ་ཆེ་བའི་འགྲོ་ལམ་རེ་རེ་དང་། གྲལ་འགྲིག་པའི་ཁང་པ་སྟར་པ་རེ་རེ། དེང་རབས་ཅན་གྱི་བཟོ་ཁང་རེ་རེ་བཅས་རེད་འདུག་ལ། འགྲོ་ལམ་གཡས་གཡོན་དུ་སྔོ་ལྗང་ལྗོན་ཤིང་གིས་བརྒྱན་ནས་སྐྱིད་སྣང་དོད་པའི་རྣམ་པ་ཞིག་མངོན།

    ཐང་རྒོད་དུ་ཆགས་པའི་ལྗང་མདོག་གྲོང་གསར།

    བོད་ལྗོངས་ལིའུ་ཧོ་རྫས་འགྱུར་བཟོ་ལས་འཕེལ་རྒྱས་ཚད་ཡོད་ཀུང་སི་ནི་བོད་དང་མཚོ་སྔོན་གྱི་བཟོ་ལས་ཁུལ་དུ་བཅའ་སྡོད་བྱེད་སྔ་ཤོས་ཀྱི་ཁེ་ལས་ཀྱི་གྲས་ཤིག་ཡིན་ཞིང་། 2014ལོར་བཟོ་ལས་ཁུལ་དུ་བཟོ་གྲྭ་བཙུགས་ནས་གཙོ་བོ་ཁིལ་མཐོ་སྐྱུར་ཐོན་སྐྱེད་བྱེད་ཀྱི་ཡོད་པ་དེ་ཤོག་སྦག་ཚོན་ཁྲ་ཅན་བཟོ་བའི་རྒྱུ་ཆར་སྤྱོད་ཀྱི་ཡོད།

    ཁྲེན་ཕིང་པོ་ནི་ཧུའུ་ནན་ལིའུ་དབྱང་བ་ཡིན་ཞིང་། དེ་གོང་ཁོང་གིས་བརྙན་འཕྲིན་དང་དྲ་བ་བརྒྱུད་གོར་མོ་གྲོང་ཁྱེར་ལ་རྒྱུས་མངའ་ལོན་ཡོད། 2014ལོར་ཀུང་སིའི་མངགས་བཅོལ་ལྟར་ཁྲེན་ཕིང་པོ་གོར་མོའི་བོད་དང་མཚོ་སྔོན་གྱི་བཟོ་ལས་ཁུལ་དུ་སླེབས།

    ཉེ་བའི་ལོ་ཤས་རིང་། ཁྲེན་ཕིང་པོའི་ཁེ་ལས་ཀྱི་ཐོན་རྫས་རིན་ཐང་མགྱོགས་མྱུར་འཕར་ཏེ། ཐོག་མའི་སྒོར་ཁྲི་5000ལྷག་ཙམ་ནས་ད་ཆའི་སྒོར་དུང་ཕྱུར་2ལྷག་ཙམ་བར་འཕར་བ་དེ་ཐོག་ནས་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་མངོན་ཡོད། “བོད་རང་སྐྱོང་ལྗོངས་དང་མཚོ་སྔོན་ཞིང་ཆེན་གྱི་ཤུགས་ཆེའི་རྒྱབ་སྐྱོར་འོག བོད་དང་མཚོ་སྔོན་གྱི་བཟོ་ལས་ཁུལ་འཕེལ་རྒྱས་མྱུར་པོ་ཕྱིན་པ་དང་ཐང་རྒོད་སྔོ་ལྗང་ཁུལ་དུ་གྱུར་ཡོད། དེ་ནི་མི་སེམས་ལ་སྐུལ་མ་ཐེབས་པའི་བྱས་རྗེས་ངོ་མཚར་ཅན་ཞིག་ཡིན་པས། ང་ཚོས་བཟོ་ལས་ཁུལ་གྱི་འབྱུང་འགྱུར་འཕེལ་རྒྱས་ལ་གདེང་ཚོད་ཆེན་པོ་ཡོད”ཅེས་ཁྲེན་ཕིང་པོ་ཡིས་འཛུམ་དམུལ་དམུལ་ངང་བཤད།

    ཁྲེན་ཕིང་པོ་དང་ཅི་འཕྲོས་མོལ་འཕྲོས་བྱས་པ་ལས་ཐང་རྒོད་དུ་ལྗང་མདོག་གྲོང་གསར་ཞིག་རིམ་བཞིན་ཆགས་པ་གསར་འགོད་པའི་མིག་ལམ་དུ་འཆར། གླིང་ཁུལ་འཛུགས་སྐྲུན་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་བ་དང་བསྟུན་ནས། ཁེ་ལས་དེ་བས་མང་བ་བོད་དང་མཚོ་སྔོན་གྱི་བཟོ་ལས་ཁུལ་དུ་བསྐྱོད་རྒྱུའི་གདམ་ག་བྱེད་ཅིང་། ཁེ་ལས་དེ་དག་ནང་མདོག་ལྡན་ལྕགས་རིགས་བཙོ་སྦྱང་དང་། ཚྭ་མཚེའུ་རྫས་འགྱུར་བཟོ་ལས། ནུས་རྒྱུ་གསར་པ་དང་རྒྱུ་ཆ་གསར་པ་སོགས་ཁྱབ་ཁོངས་མང་པོ་ཚུད་ཡོད་པས་སྣ་མང་ཅན་གྱི་ཐོན་ལས་མ་ལག་ཅིག་གྲུབ་ཡོད། ཟླ་དང་པོ་ནས་དགུ་པའི་བར་རིམ་རྩིས་བརྒྱབ་ན། ཚོང་འགུགས་མ་འདྲེན་གྱི་མ་དངུལ་ཞིང་ཆེན་གཞན་དུ་དམིགས་སར་འབྱོར་ཚད་སྒོར་དུང་ཕྱུར་11.96ཟིན་ཡོད།

    ལྷན་སྦྱར་སྒྲིག་བཀོད་འཛུགས་སྐྲུན་ལ་དམ་འཛིན་ནན་པོ་བྱས་ནས་གླིང་ཁུལ་འཕེལ་རྒྱས་མགྱོགས་པོ་འགྲོ་བར་སྐུལ་འདེད་བཏང་བ།

    གོར་མོར་བཅའ་སྡོད་བོད་ལྗོངས་དོན་གཅོད་ཁྲུའུ(བོད་དང་མཚོ་སྔོན་གྱི་བཟོ་ལས་ཁུལ་དོ་དམ་ཨུ་ལྷན)ཡི་ཆབ་སྲིད་ལས་དོན་མི་དོན་ཁྲུའི་ཁྲུའུ་ཀྲང་ཝང་གོ་ཧྥ་ཡིས། གླིང་ཁུལ་དེ་2014ལོའི་ཟླ་6པར་ཕྱོགས་ཡོངས་ནས་སྐྲུན་འགོ་ཚུགས་ཚུན། ལོ་མང་རིང་དཀའ་བ་ཚད་མེད་སྤྱད་པ་བརྒྱུད། གཞུང་ལམ་དང་། ཆུ་གློག འཕྲིན་གཏོང་། འབྲུབ་འགོག་ཆུ་རགས་སོགས་ཚུད་པའི་རྨང་གཞིའི་སྒྲིག་བཀོད་ཀྱི་ལྷན་སྦྱར་རྣམ་གྲངས་ཁག་ལ་སྐུལ་འདེད་བརྟན་པོ་བཏང་ནས་ཚོང་འགུགས་མ་འདྲེན་གྱི་ལས་དོན་ལ་ཁོར་ཡུག་བཟང་པོ་ཞིག་བསྐྲུན་ཡོད།

    གླིང་ཁུལ་ནས་བཅར་འདྲི་ཚོགས་ཆུང་གིས་ལས་གོས་དང་བདེ་འཇགས་སྲུང་ཞྭ་གྱོན་ནས་ལས་གནས་ཁག་ཏུ་ལས་ལ་བྲེལ་བཞིན་པའི་བཟོ་པ་ཚོ་མཐོང་བྱུང་། བོད་ལྗོངས་ནག་ཆུ་ནས་ཡིན་པའི་བཟོ་པ་ངག་དབང(མིང་ཚབ)གིས“སྔོན་ཆད་ང་ཚོས་ཕ་ཡུལ་དུ་ཞིང་ལས་དང་ཕྱུགས་འཚོས་ནས་འཚོ་བ་སྐྱེལ་གྱི་ཡོད། ད་ཆ་གླིང་ཁུལ་དུ་ལས་ཀ་བྱེད་པར་ཡོང་བ་ནས་ཡོང་འབབ་མང་དུ་ཕྱིན་པ་མ་ཟད། ད་དུང་ལག་རྩལ་ཡང་ཤེས་བྱུང”ཞེས་གསར་འགོད་པར་བཤད།

    མཚོ་བོད་གཞུང་ལམ་དངོས་ཟོག་སྐྱེལ་འདྲེན་གྱི་ལྷུ་ཚིགས་གལ་ཆེན་ཞིག་ཡིན་པའི་བོད་དང་མཚོ་སྔོན་གྱི་བཟོ་ལས་གླིང་གིས་ཟོག་འགྲེམས་ཀྱི་ལྷན་སྦྱར་སྒྲིག་བཀོད་ཐད་ཤུགས་སྣོན་ཆེན་པོ་བརྒྱབ་ཅིང་། ཝང་གོ་ཧྥ་ཡིས་གསར་འགོད་པར། གླིང་ཁུལ་དུ་མཛོད་འཇུག་ལྟེ་གནས་དང་སྡེབ་སྐྱེལ་ལྟེ་གནས་སོགས་དེང་རབས་ཅན་གྱི་ཟོག་འགྲེམས་སྒྲིག་ཆས་དང་ཞབས་ཞུའི་མ་ལག་བསྐྲུན་ཡོད་པ་དེ་དག་གིས་དངོས་ཟོག་སྐྱེལ་འདྲེན་ལ་སྟབས་བདེའི་མཛོད་འཇུག་དང་། དབྱེ་སྒྲུག ཐུམ་སྒྲིལ། སྡེབ་སྐྱེལ་སོགས“གཅིག་འཐུས་རྣམ་པའི”ཞབས་འདེགས་ཞུ་གི་ཡོད་ཅེས་བཤད།

    དེ་དང་ཆབས་ཅིག གླིང་ཁུལ་གྱིས་ད་དུང་མཐའ་འཁོར་གྱི་འགྲིམ་འགྲུལ་དྲ་བ་སྦྲེལ་མཐུད་བྱེད་པར་ཤུགས་སྣོན་ཧུར་ཐག་བརྒྱབ་ཅིང་། མཚོ་བོད་ལྕགས་ལམ་དང་མཚོ་བོད་གཞུང་ལམ་སོགས་འགྲིམ་འགྲུལ་གནད་འགག་དང་གླིང་ཁུལ་ཟུང་འབྲེལ་དམ་ཟབ་བྱས་པས། གཞུང་ལམ་དང་ལྕགས་ལམ་སོགས་སྐྱེལ་འདྲེན་བྱེད་སྟངས་སྣ་ཚོགས་ཀྱི་སྦྲེལ་མཐུད་སྐྱེལ་འདྲེན་མ་ལག་ཅིག་གྲུབ་ཡོད།

    གཞན་ཡང་། གླིང་ཁུལ་གྱིས་ད་དུང་ཁོར་ཡུག་སྲུང་སྐྱོང་གི་བྱ་ཐབས་དང་སྐྱེ་ཁམས་སླར་གསོའི་འདུ་འགོད་ལག་བསྟར་ནན་པོ་བྱས་པས། གླིང་ཁུལ་གྱི་མཐའ་འཁོར་དུ་སྐྱེ་འཚར་བཟང་བའི་སྦྱར་སྡོང་ཆེན་པོ་མང་པོས་རྒྱང་རིང་གི་ཐང་རྒོད་བསྒྲིབས་ནས་གླིང་ཁུལ་འཕེལ་རྒྱས་ལ་གཡས་གཞོགས་གཡོན་འདེགས་བྱེད་པ་ལྟར་སྣང་། 

    གསར་འགོད་པའི་ཟིན་བྲིས།

    ལུང་སྟོང་གི་ཐང་རྒོད་ནས་དེང་རབས་ཅན་གྱི་ལྗང་མདོག་གྲོང་གསར་བར།

    གོར་མོའི་བོད་དང་མཚོ་སྔོན་གྱི་བཟོ་ལས་གླིང་་དུ་འཆམ་འཆམ་ལ་སྐྱོད་སྐབས། མི་མེད་ལུང་སྟོང་གི་ཐང་རྒོད་ནས་དེང་རབས་ཅན་གྱི་ལྗང་མདོག་གྲོང་གསར་བར་གྱི་ངོ་མཚར་མྱོང་རོལ་ཐུབ་བྱུང་། ཐོག་བརྩེགས་ཅན་གྱི་བཟོ་ཁང་རེ་རེ་འགྱིང་ངེར་གནས་པ་དང་སྔོ་ལྗང་ལྗོན་ཤིང་བསྟར་དུ་སྐྱེས་ནས་སྐྱེ་སྟོབས་ཀྱི་དཔལ་འབར་བཞིན་མཆིས། འདི་ནི་དངོས་ཟོག་བར་བརྒྱུད་ས་ཚིགས་ཡིན་པ་མ་ཟད། ཕུགས་འདུན་དང་རེ་བ་མངོན་འགྱུར་བྱེད་ས་ཡང་རེད་འདུག

    བཅར་འདྲི་བྱེད་རིང་། གསར་འགོད་པས་གླིང་ཁུལ་གྱི་ཁེ་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་པ་དང་བཟོ་པས་དཀའ་སྤྱད་འབད་བརྩོན་བྱེད་ལུགས་མྱོང་ཚོར་ཟབ་མོ་བྱུང་། གློག་རིན་དམའ་བ་དང་ཐོན་ཁུངས་ཕུན་སུམ་ཚོགས་པས་ཁེ་ལས་འཕེལ་རྒྱས་འགྲོ་རྒྱུར་གཤོག་ཟུང་བསྒར་བ་དང་། ཟོག་འགྲེམས་དྲ་རྒྱ་འཐུས་སྒོ་ཚང་དུ་ཕྱིན་པས་སྐྱེལ་འདྲེན་གྱི་ལས་ཕྱོད་ཆེ་རུ་ཤུགས་ཆེན་ཕྱིན་ཡོད་ལ། མ་གནས་ཀྱང་དམའ་རུ་ཕྱིན་ཡོད། སྔོན་ཆད་མྱ་ངམ་ཐང་ཞིག་ཡིན་པའི་ཁུལ་དེ་ད་ཆ་སྔོ་ཐིང་ཐིང་དུ་གྱུར་བ་མཐོང་སྐབས། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་གལ་ཆེའི་རང་བཞིན་གཏིང་ཟབ་ཚོར་བྱུང་། གསར་འགོད་པས་ཀྱང་སེམས་གཏིང་ནས་བོད་དང་མཚོ་སྔོན་གྱི་བཟོ་ལས་གླིང་གིས་དཔལ་འབྱོར་འཕེལ་རྒྱས་གཏོང་བ་དང་ཆབས་ཅིག བྱེ་ཐང་སྤང་ལྗོངས་དེར་མུ་མཐུད་སྲུང་སྐྱོང་ཡག་པོ་བྱས་ནས་མཚོ་བོད་ས་མཐོའི་བཀྲག་མདངས་འཚེར་བའི་མུ་ཏིག་དེར་སྲུང་སྐྱོང་ཡག་པོ་བྱ་རྒྱུའི་སྨོན་འདུན་ཞུ་རྒྱུ་ཡིན།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།