“ཐེ་ཀྲུང་རྒྱལ་ཁབ་གཉིས་པོས་ཁྱབ་ཁོངས་ཁག་གི་མཉམ་ལས་སྔར་བས་ཆེ་རུ་གཏོང་རྒྱུའི་རེ་སྒུག་བྱེད་བཞིན་ཡོད”
འདི་ནི་ཐེ་རི་ནི་ཏ་དང་ཐོ་པ་ཀོའི་རྒྱལ་ཁབ་འཁྲབ་སྟོན་སྒྱུ་རྩལ་ལྟེ་གནས་ཡིན་པ། འདི་ག་ཚགས་པར་གྱི་གསར་འགོད་པ་ཧྲི་ཡོན་ཧའོ་ཡིས་པར་བརྒྱབ།
འདི་ནི་སྐྲུན་བཞིན་པའི་ཐོ་པ་ཀོ་རྒྱལ་སྤྱིའི་གནམ་ཐང་གི་འབབ་ཚུགས་ཐོག་ཁང་གསར་པ་ཡིན་པ། འདི་ག་ཚགས་པར་གྱི་གསར་འགོད་པ་ཧྲི་ཡོན་ཧའོ་ཡིས་པར་བརྒྱབ།
འདི་ནི་ཁུའུ་ཝ་སྨན་ཁང་གི་ཕྱིའི་རྣམ་པ་ཡིན་པ། འདི་ག་ཚགས་པར་གྱི་གསར་འགོད་པ་ཧྲི་ཡོན་ཧའོ་ཡིས་པར་བརྒྱབ།
འདི་ནི་ཏའེ་ཨའེ་ལེན་ཐེབས་རྩ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཨ་ཏེ་ལི་ཨན·ཨའེ་ས་ཁེ་ཡིས་རང་ཉིད་ཀྱིས་གཅེས་ཉར་བྱས་པའི་པར་རྙིང་པ་སྟོན་པ། འདི་ག་ཚགས་པར་གྱི་གསར་འགོད་པ་ཧྲི་ཡོན་ཧའོ་ཡིས་པར་བརྒྱབ།
འདི་ནི་ཀྲུང་གོའི་ལག་རྩལ་པ་གཉིས་ཀྱིས་ཁུའུ་ཝ་སྨན་ཁང་གི་གློག་ལམ་ལ་རྒྱུན་གཏན་ཞིབ་བཤེར་བྱེད་བཞིན་པ། འདི་ག་ཚགས་པར་གྱི་གསར་འགོད་པ་ཧྲི་ཡོན་ཧའོ་ཡིས་པར་བརྒྱབ།
མེ་གླིང་དབུས་མའི་ཅ་ལེ་པི་རྒྱ་མཚོའི་ལྷོ་རྒྱུད་དུ་གནས་པའི་ཐེ་རི་ནི་ཏ་དང་ཐོ་པ་ཀོ(གཤམ་དུ“ཐེ་ཐོ”ཞེས་བསྡུ་རྒྱུ)ནི་ས་ཁུལ་དེར་ཡོད་པའི་ཀྲུང་གོའི་ཕྱོགས་ཡོངས་ཀྱི་མཉམ་ལས་རོགས་ཟླ་ཞིག་ཡིན་པ་དང་ཅ་ལེ་པིའི་རྒྱལ་ཁབ་ཁྲོད“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ནང་ཨང་དང་པོར་ཞུགས་མཁན་དེ་རེད།
ཉེ་བའི་ལོ་ཤས་རིང་། ཀྲུང་གོ་དང་ཐེ་ཐོའི་དབར་ཕན་ཚུན་ཡིད་ཆེས་དང་། ཕན་ཚུན་བརྩི་འཇོག ཕན་ཚུན་རྒྱབ་སྐྱོར་བཅས་བྱས་པས་ཕྱོགས་གཉིས་པོའི་འབྲེལ་བའི་འཕེལ་རྒྱས་མྱུར་བགྲོད་ལམ་བུའི་ཐོག་སླེབས་ཡོད། རྒྱལ་ཁབ་གཉིས་པོས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། སྨན་བཅོས་འཕྲོད་བསྟེན། མི་ཆོས་རིག་གནས་སྤེལ་རེས་སོགས་ཁྱབ་ཁོངས་ནང་མཉམ་ལས་དམ་ཟབ་བྱས་ནས། རྒྱལ་ཁབ་ཆེ་ཆུང་དབར་འདྲ་མཉམ་གྱི་ལྟ་སྟངས་འཛིན་པ་དང་། གཉིས་ཁེ་གཉིས་ཕན། ཐུན་མོང་འཕེལ་རྒྱས་བཅས་ཀྱི་མིག་དཔེ་བཏོད་ཡོད། ཉིན་ཤས་གོང་འདི་ག་ཚགས་པར་གྱི་གསར་འགོད་པས་ཐེ་ཐོ་རུ་ཀྲུང་ཐེའི་མཉམ་ལས་སྤེལ་རེས་ཀྱི་གཡུར་ཟའི་གྲུབ་འབྲས་ལ་མྱོང་རོལ་བྱེད་པར་བསྐྱོད་པ་ཡིན།
ཐོ་པ་ཀོ་རྒྱལ་སྤྱིའི་གནམ་ཐང་རྣམ་གྲངས།
“ས་གནས་དེ་གའི་ཕུན་སུམ་ཚོགས་པའི་ཡུལ་སྐོར་ཐོན་ཁུངས་མི་དེ་བས་མང་བས་མཐོང་ཐུབ་པ་བྱས་པ”
2019ལོར་ཀྲུང་གོ་ལྕགས་ལམ་འཛུགས་སྐྲུན་རྒྱལ་སྤྱི་ཚོགས་པའི་ཅ་ལེ་པི་ཀུང་སིར་ཐོ་པ་ཀོ་གནམ་ཐང་གི་ད་ཡོད་གནམ་ཐང་གི་འབབ་ཚུགས་ཐོག་ཁང་སྒྱུར་བཀོད་དང་གནམ་ཐང་འབབ་ཚུགས་ཐོག་ཁང་གསར་པ་ཇུས་འགོད་ཨར་སྐྲུན་རྣམ་གྲངས་ཀྱི་འོས་ཐོབ་རག་པ་དང་། ད་ཡོད་གནམ་ཐང་འབབ་ཚུགས་ཐོག་ཁང་སྒྱུར་བཀོད་དེ་2022ལོར་རྩིས་སྤྲོད་བེད་སྤྱོད་ཟིན་པ་དང་མིག་སྔར་གནམ་ཐང་གི་འབབ་ཚུགས་ཐོག་ཁང་གསར་པ་ཚ་ཚ་འུར་འུར་ངང་སྐྲུན་བཞིན་ཡོད་པ་རེད། ངོ་སྤྲོད་བྱས་པར་གཞིགས་ན། གནམ་ཐང་འབབ་ཚུགས་ཐོག་ཁང་གི་སྐྲུན་དངོས་གཙོ་བོ་ཕུད། ཀྲུང་གོའི་ཁེ་ལས་ཀྱིས་ད་དུང་གནམ་གྲུ་འབབ་ཐང་དང་བཤུད་ལམ་སོགས་ཀྱི་ལས་གྲྭ་དང་དེ་བཞིན་རླངས་འཁོར་འཇོག་ས་དང་འགྲོ་འོང་ལམ་སོགས་ཀྱི་ལས་གྲྭའི་ལས་འགན་འཁུར་གྱི་ཡོད། གསར་དུ་སྐྲུན་པའི་གནམ་ཐང་གི་འབབ་ཚུགས་ཐོག་ཁང་ལ་ས་ཁྱོན་སྨི་ངོས་གྲུ་ཁྲི་26.8ཟིན་པ་དང་སྤྱིའི་འཛུགས་སྐྲུན་རྒྱ་ཁྱོན་ལ་སྨི་ངོས་གྲུ་ཁྲི་2.58ཡོད། བསྐྲུན་ཟིན་རྗེས་ཐོ་པ་ཀོ་རྒྱལ་སྤྱིའི་གནམ་ཐང་ནས་ལོ་རེར་ཆ་སྙོམས་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་300ཟིན་ནས་གཙོ་རྒྱུན་འགྲུལ་སྐྱེལ་གནམ་གྲུ་ཆེ་གྲས་འབབ་འཕུར་གྱི་དགོས་མཁོ་སྐོང་ཐུབ་རྒྱུ་རེད།
ཅ་ལེ་པི་མཚོ་འགྲམ་རྒྱུད་དུ་ཉི་འོད་བྱེ་ཐང་དང་བེ་ཏའི་ཤིང་ནགས་མྱོང་རོལ་བྱེད་པ་དང་། གླིང་ཕྲན་དུ་ཆར་ཟིམ་་ཁྲོད་རྐང་ཐང་མར་འགྲོ་བ་སོགས“གནམ་ཐང་གི་སྒྲིག་བཀོད་གསར་པ་ལས་ས་གནས་དེ་གའི་ཕུན་སུམ་ཚོགས་པའི་ཡུལ་སྐོར་ཐོན་ཁུངས་མི་དེ་བས་མང་བས་མཐོང་ཐུབ་པ་བྱེད་པའི”རྣམ་གྲངས་ཀྱི་དོ་བདག་ཕྱོགས་ཡིན་པའི་ཐེ་ཐོ་རྒྱལ་ཁབ་རྨང་གཞིའི་སྒྲིག་བཀོད་འཕེལ་རྒྱས་ཚད་ཡོད་ཀུང་སིའི་ཙུང་ཚའེ་གཞོན་པ་ཏན་ཉི་སི·ཧ་ལི་ཁྲ་ལན་གྱིས་གནམ་ཐང་འབབ་ཚུགས་ཐོག་ཁང་གསར་པ་བསྐྲུན་རྗེས་དམངས་ཚོགས་གླིང་ཕྲན་གཉིས་སུ་འགྲོ་སྐྱོད་བྱེད་པའི་ཆ་རྐྱེན་ལེགས་སུ་འགྲོ་རྒྱུ་དང་ཕན་ཚུན་འབྲེལ་མཐུད་ཀྱི་ཆུ་ཚད་མཐོ་རུ་ཆེན་པོ་འགྲོ་རྒྱུ་མ་ཟད། ཐེ་ཐོའི་ཡུལ་སྐོར་སྣེ་ལེན་ནུས་པའང་ཆེ་རུ་ཤུགས་ཆེན་ཕྱིན་ནས་རྒྱལ་ཁབ་ཀྱི་དཔལ་འབྱོར་སྣ་མང་ཅན་གྱི་འཕེལ་རྒྱས་འགྲོ་རྒྱུར་རམ་འདེགས་ཐུབ་རྒྱུ་རེད་ཅེས་གསར་འགོད་པར་བརྗོད།
ཐོ་པ་ཀོ་གསོལ་མགྲོན་ཁང་དང་ཡུལ་སྐོར་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཁ་ལུར·ཀྲན་མུའུ་སིས་གནམ་ཐང་འབབ་ཚུགས་གསར་པས་མཁའ་འགྲུལ་ཀུང་སི་དེ་བས་མང་བ་ཐོ་པ་ཀོ་གླིང་ཕྲན་དུ་གཞི་ཚུགས་རྒྱུའི་ཡིད་དབང་བཀུག་ནས་ས་གནས་དེ་གར་ལས་ཞུགས་གོ་སྐབས་དེ་བས་མང་བ་གཏོད་རྒྱུ་རེད་ཅེས་བརྗོད།
ཏའེ་ཨའེ་ལེན་ཐེབས་རྩ་ལྷན་ཚོགས།
“ཐེ་ཀྲུང་དབར་གྱི་མི་ཆོས་རིག་གནས་སྤེལ་རེས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་ཕུལ་བ”
དུས་རབས་19པའི་དུས་འགོར། ཕྱི་ཁོངས་ཀྲུང་གོ་བ་ཐེ་ཐོ་རུ་ཡོང་སྟེ་ལས་ལ་བརྩོན་ཞིང་བློ་གྲོས་ལ་བརྟེན་ནས་ས་གནས་དེ་གའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད། 1916ལོར“ཀྲུང་གོའི་ཞབས་བྲོའི་སྐྱེད་མ”ཞེས་པའི་མཚན་སྙན་ལྡན་པའི་ཏའེ་ཨའེ་ལེན་ཐེ་རི་ནི་ཏ་གླིང་ཕྲན་གྱི་ཀྲུང་གོ་བའི་རྒྱུད་པའི་ཁྱིམ་ཚང་ཞིག་ཏུ་སྐྱེས། དམག་འཁྲུག་གི་ལོ་རབས་སུ་ཁོང་གིས་དཀའ་བ་དུ་མ་སྤྱད་ནས་མེས་རྒྱལ་དུ་ལོག་སྟེ་རི་འགོག་རྒྱལ་སྐྱོབ་ཀྱི་ལས་འགུལ་ནང་ཞུགས། ཀྲུང་གོ་གསར་པ་དབུ་བརྙེས་རྗེས་ཏའེ་ཨའེ་ལེན་གིས་པེ་ཅིང་ཟློས་གར་སློབ་གྲྭའི(ཕྱིས་སུ་པེ་ཅིང་ཟློས་གར་སློབ་གླིང་ཞེས་མིང་བསྒྱུར)སློབ་སྤྱི་དང་པོའི་འགན་འཁུར་བ་རེད།
“ཏའེ་ཨའེ་ལེན་ནི་ཐེ་ཐོ་དང་ཀྲུང་གོའི་དབར་གྱི་མི་ཆོས་རིག་གནས་སྤེལ་རེས་ལ་སྐུལ་འདེད་གཏོང་བའི་སྦྲེལ་ཟམ་ལྟ་བུ་ཡིན”ཨའེ་ས་ཁེས་མི་དེ་བས་མང་བས་ཏའེ་ཨའེ་ལེན་གྱི་ཞབས་བྲོའི་སྒྱུ་རྩལ་གྲུབ་འབྲས་ཤེས་རྟོགས་དང་ཐེ་ཀྲུང་རྒྱལ་ཁབ་གཉིས་པོའི་དབར་གྱི་རིག་གནས་སྤེལ་རེས་ལ་མུ་མཐུད་སྐུལ་འདེད་གཏོང་ཆེད་ཏའེ་ཨའེ་ལེན་ཐེབས་རྩ་ལྷན་ཚོགས་2011ལོར་ཐེ་ཐོ་རུ་བཙུགས་པ་རེད། ལོ་དེ་ནས་བཟུང་ཐེབས་རྩ་ལྷན་ཚོགས་དེས་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་སྤྲད་ནས་ལོ་ལྟར་ཐེ་ཐོ་ཡི་སློབ་མ་གཉིས་པེ་ཅིང་ཟློས་གར་སློབ་གླིང་དུ་སློབ་སྦྱོང་དང་སྤེལ་རེས་བྱེད་པར་བསྐྱོད་རྒྱུར་རོགས་སྐྱོར་བྱེད་ཀྱི་ཡོད་ཅེས་བརྗོད། ཨའེ་ས་ཁེས་ཀྲུང་གོར་སློབ་སྦྱོང་དང་སྤེལ་རེས་བྱེད་པའི་ལོ་གཅིག་ནང་ཐེ་ཐོའི་སློབ་མས་ཀྲུང་གོའི་གནའ་བོའི་ཞབས་བྲོ་དང་མི་རིགས་ཞབས་བྲོའི་ཡིད་དབང་འཕྲོག་ཤུགས་ཉམས་སུ་མྱོང་ཐུབ་པས་སླད་ཕྱིན་ཐེ་ཀྲུང་མཛའ་གྲོགས་ཀྱི་ཕོ་ཉར་འགྱུར་རྒྱུ་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད།
“ཉེ་བའི་ལོ་ཤས་རིང་ཐེབས་རྩ་ལྷན་ཚོགས་ཀྱི་སྐུལ་འདེད་འོག་ཏའེ་ཨའེ་ལེན་དང་འབྲེལ་བ་ཡོད་པའི་ཟློས་གར་དང་པར་རྒྱག་འགྲེམས་སྟོན་སོགས་ཀྱི་བྱེད་སྒོ་རྒྱུན་ཆད་མེད་པར་ཐེ་ཐོ་རུ་སྤེལ་ནས་ང་ཚོ་དང་ཀྲུང་གོའི་དབར་གྱི་བརྩེ་བ་སྔར་བས་ཟབ་ཏུ་ཕྱིན་ཡོད”པ་དང་། ཨའེ་ས་ཁེས་ཐེབས་རྩ་ལྷན་ཚོགས་རྒྱུན་མཐུད་འཁོར་སྐྱོད་ཐུབ་པ་དེ་ཐེ་ཀྲུང་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་མི་སྣ་དང་དེ་བཞིན་ཐེ་ཐོ་རུ་ཡོད་པའི་ཀྲུང་གོའི་ཁེ་ལས་ཀྱི་རྒྱབ་སྐྱོར་དང་ཁ་འབྲལ་ཐབས་མེད་པའི་ངོས་འཛིན་བྱེད་ཀྱི་ཡོད།
ཞབས་བྲོ་ཙམ་མ་ཟད། ཀྲུང་གོའི་རིག་གནས་བྱེད་སྒོ་དེ་བས་མང་བར་ཐེ་ཐོའི་དམངས་ཚོགས་ཀྱི་དགའ་བསུ་ཐོབ་ཡོད། “ཀྲུང་ཐེའི་མཛའ་གྲོགས་བུམ་པའི”གྲུ་ཤན་འབྲུག་མགོ་མའི་འགྲན་བསྡུར་ས་གནས་དེ་གར་སྤེལ་བ་དང་། “ཀྲུང་གོ་ལྟ་ཀློག་གི”དཔེ་དེབ་ཆེད་སྒྲིག་ཁུལ་དེ་ཐེ་ཐོ་རྒྱལ་ཁབ་དཔེ་མཛོད་ཁང་དང་ཐོ་པ་ཀོ་དཔེ་མཛོད་ཁང་དུ་སྔ་རྗེས་སུ་བཙུགས་པ། ས་གནས་དེ་གའི་སློབ་གྲྭ་མང་པོ་ཞིག་གིས“ཀྲུང་ཐེའི་མཛའ་གྲོགས་སློབ་ཁང”བཙུགས་པ་རེད། ཐེ་ཐོའི་ཚོང་དོན་དང་བཟོ་ལས་པུའི་པུའུ་ཀྲང་ཀོ་ཕི-སི་ཁུའུ་ཨེན་གྱིས་ཉེ་བའི་ལོ་ཤས་རིང་རྒྱལ་ཁབ་གཉིས་པོའི་དབར་རིག་གནས་དང་སྐད་ཡིག་སྤེལ་རེས་རྣམ་གྲངས་མང་པོ་སྤེལ་བ་ལས་ཐེ་ཐོར་ཕན་པ་ཐོབ་ཡོད། “རིག་གནས་ནི་རྒྱལ་ཁབ་གཉིས་དབར་སྤེལ་རེས་བྱེད་པའི་སྒྲོག་ཐག་ལྟ་བུར་གྱུར་ཟིན་པས་ཐེ་ཀྲུང་རྒྱལ་ཁབ་གཉིས་པོས་ཁྱབ་ཁོངས་ཁག་གི་མཉམ་ལས་སྔར་བས་རྒྱ་ཆེར་གཏོང་རྒྱུའི་རེ་བ་ཡོད”ཅེས་བརྗོད་པ་རེད།
ཁུའུ་ཝ་སྨན་ཁང་གི་རྣམ་གྲངས།
“དམངས་ཚོགས་ཀྱི་བདེ་ཐང་ལ་སྔར་བས་བདེ་རྩ་བསྐྲུན་པ”
ཁུའུ་ཝ་སྨན་ཁང་གི་དེ་སྔའི་མིང་ལ་ཁུའུ་ཝ་བྱིས་པའི་སྨན་ཁང་ཟེར་ཞིང་། ཀྲུང་གོ་ཕྱིར་གཏོང་ནང་འདྲེན་དངུལ་ཁང་གིས་གཟིགས་སྐྱོང་དངུལ་བུན་མཁོ་འདོན་བྱས་པ་དང་ཧྲང་ཧའེ་འཛུགས་སྐྲུན་ཚོགས་པས་སྐྲུན་འགན་འཁུར་ནས་2013ལོའི་ཟླ་6པར་ལས་འགོ་བཙུགས་པ་དང་2015ལོར་བསྐྲུན་ཟིན་ནས་རྩིས་སྤྲད་པ་རེད། སྨན་ཁང་གིས་ས་གནས་དེ་གའི་རྡོ་སྣུམ་རྫས་འགྱུར་ལས་རིགས་ཀྱི་ཁྱད་ཆོས་ལ་དམིགས་ནས་འཚིག་རྨས་ཚན་ཁག་ཐོག་མ་དེ་ཆེད་མངགས་བཙུགས་པ་མ་ཟད། ད་དུང་ནད་ལྕིའི་ལྟ་སྐྱོང་དང་མ་བུ་བདེ་སྲུང་སོགས་ཚན་ཁག་བཙུགས་ཐོག་སྔོན་ཐོན་གྱི་སྨན་བཅོས་སྒྲིག་ཆས་སྣ་ཚོགས་སྒྲིག་སྦྱོར་བྱས་པ་དང་ལས་རིགས་གསོ་སྦྱོང་དང་གློག་རྡུལ་སྨན་བཅོས་ཆ་འཕྲིན་ལག་རྩལ་སོགས་ནང་འདྲེན་བྱས་པས། དེ་ནི་ཅ་ལེ་པི་ས་ཁུལ་གྱི་ཆེས་སྔོན་ཐོན་གྱི་སྨན་ཁང་གི་གྲས་ཤིག་ཡིན་པ་རེད། རྣམ་གྲངས་དེར་ཇུས་འགོད་དང་། འཆར་འགོད། ལེ་ལག་ཚང་བ། སྡེ་ལས་སོགས་གཞི་གཅིག་ཏུ་འདུས་པས། རྩིས་སྤྲོད་རྩིས་ལེན་བྱས་རྗེས་ཀྲུང་གོ་ཕྱོགས་ཀྱི་ལས་དོན་པས་སྔར་བཞིན་ཁུའུ་ཝ་སྨན་ཁང་གི་འཕྲུལ་གློག་སྒྲིག་ཆས་ཉམས་བཟོ་སོགས་རྒྱབ་ཕྱོགས་མཁོ་སྒྲུབ་འགན་ལེན་ལས་དོན་གྱི་འགན་ཁུར་ནས་སྨན་ཁང་གཉེར་སྐྱོང་ལ་གཡས་གཞོགས་གཡོན་འདེགས་བྱེད་ཀྱི་ཡོད་པ་རེད།
སྨན་ཁང་དུ་བཅར་འདྲི་བྱེད་རིང་། པ་ཕ་སྨན་ཁང་དུ་ནད་ལྟ་བར་ཁྲིད་ཡོང་མཁན་ས་གནས་དེ་གའི་གྲོང་མི་ཨའེ་སྨི་འཕྲད་བྱུང་། “ད་ཆ་ནད་ལྟ་བར་ཧ་ཅང་སྟབས་བདེ་པོ་འདུག”ཅེས་ཨའེ་སྨི་ཡིས་གསར་འགོད་པར་བཤད། ཁུའུ་ཝ་སྨན་ཁང་ལ་སྔོན་ཐོན་གྱི་སྨན་བཅོས་ལག་རྩལ་སྒྲིག་ཆས་དང་། གཙང་ལ་བློ་བདེ་བའི་སྨན་བཅོས་ཁོར་ཡུག སྨན་དོན་ཞབས་ཞུ་ལེགས་པའི་ལས་དོན་པ་སོགས་ཡོད་པས་ས་གནས་དེའི་མི་མང་པོའི་སྨན་བཅོས་བྱ་ཡུལ་གྱི་གདམ་ག་དང་པོར་གྱུར་བ་རེད།
ཁུའུ་ཝ་སྨན་ཁང་ནི་ཀྲུང་གོའི་ཁེ་ལས་ཀྱིས་ཐེ་ཐོའི་སྨན་བཅོས་ཆུ་ཚད་མཐོ་རུ་གཏོང་རོགས་བྱས་པའི་གསོན་ཉམས་དོད་པའི་བསྡུས་རིས་ཤིག་རེད། ཀྲུང་གོའི་ཁེ་ལས་ཀྱིས་ཨ་ལི་མཱ་སྤྱི་ཁྱབ་སྨན་ཁང་གི་རྣམ་གྲངས་དང་སི་ཕེན་གྲུ་ཁའི་སྤྱི་ཁྱབ་སྨན་ཁང་གི་གསར་སྤེལ་རྣམ་གྲངས་སོགས་ཚུད་པའི་རྒྱལ་ཁབ་དེའི་སྨན་བཅོས་རྨང་གཞིའི་སྒྲིག་བཀོད་རྣམ་གྲངས་10ཙམ་གྱི་སྐྲུན་འགན་འཁུར་བ་དང་། སྨན་ཁང་ལ་སྔོན་ཐོན་གྱི་སྒྲིག་ཆས་དང་སློབ་ཁྲིད་ལྟེ་གནས་སྒྲིག་སྦྱོར་བྱས་པ་བརྒྱུད། སྨན་ཁང་ཁག་དང་ཐེ་ཐོའི་ཁྱོན་ཡོངས་ཀྱི་སྨན་བཅོས་ཞབས་ཞུ་དང་གསོ་རིག་ཞིབ་འཇུག་ཆུ་ཚད་སྔར་བས་མཐོ་རུ་ཕྱིན་ཡོད་པ་རེད།