རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཉིས་པ་མཇུག་འགྲིལ་བ།
བོད་ཀྱི་འཐུས་མི་ཚོགས་པར་བྱ་དགའ་རིམ་པ་དང་པོ་བཅུ་བདུན་ཐོབ་པ།
ཟླ་11ཚེས་30ཉིན་གྱི་དགོང་མོར། རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཉིས་པའི་མཇུག་འགྲིལ་མཛད་སྒོ་ཧའེ་ནན་ཞིང་ཆེན་སན་ཡཱ་གྲོང་ཁྱེར་གྱི་ལུས་རྩལ་ལྟེ་གནས་སུ་འཚོགས་པ་རེད།
མཇུག་འགྲིལ་མཛད་སྒོའི་ཐོག རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཉིས་པའི“ལུས་རྩལ་ཀུན་སྤྱོད་དར་སྲོལ་བྱ་དགའ”ཐོབ་མཁན་འཐུས་མི་ཚོགས་པའི་མིང་ཐོ་ཁྱབ་བསྒྲགས་བྱས་པ་མ་ཟད། རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་ཀྱི་ཚོགས་དར་རྩིས་སྤྲོད་རྩིས་ལེན་གྱི་མཛད་སྒོའང་འཚོགས་པ་རེད།
སྐབས་འདིའི་ལུས་རྩལ་འགྲན་ཚོགས་ནང་། བོད་ཀྱི་འཐུས་མི་ཚོགས་པར་བྱ་དགའ་རིམ་པ་དང་པོ་17དང་། བྱ་དགའ་རིམ་པ་གཉིས་པ་32 བྱ་དགའ་རིམ་པ་གསུམ་པ་28(འཁྲབ་སྟོན་རྣམ་གྲངས་ཀྱི་བྱ་དགའ་རིམ་པ་དང་པོ་3དང་། བྱ་དགའ་རིམ་པ་གཉིས་པ་3 བྱ་དགའ་རིམ་པ་གསུམ་པ་1བཅས་ཚུད་པ)ཐོབ་པ་མ་ཟད། “ལུས་རྩལ་ཀུན་སྤྱོད་དར་སྲོལ་བྱ་དགའ”ཡང་ཐོབ་པ་རེད།
རང་སྐྱོང་ལྗོངས་ལུས་རྩལ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཟླ་གཡུང་ལྷ་མོས། སྐབས་འདིའི་ལུས་རྩལ་འགྲན་ཚོགས་ནང་རང་ལྗོངས་ཀྱི་ལུས་རྩལ་པས་འབད་འབུངས་ཡར་བརྩོན་དང་མཐུན་སྒྲིལ་མཛའ་མཐུན་བྱས་ཏེ། རྒྱལ་ཡོངས་ཀྱི་ལྟད་མོ་བ་ཚོར་ངོ་མཚར་ཆེ་བའི་འགྲན་བསྡུར་ཞིག་བྱས་པ་དང་སྦྲགས། དྲང་ནུས་ཀྱིས་ཕྱུག་པའི་མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་རེ་རེ་བཞིན་བྲིས་ནས་བོད་ལ་གཟི་བརྗིད་འཕར་མ་བསྣན་ཡོད་ཅེས་བཤད།
“བོད་ཀྱི་འཐུས་མི་ཚོགས་པར་སྔར་བྱུང་མྱོང་མེད་པའི་གྲུབ་འབྲས་བཟང་པོ་ཐོབ་པ་དང་། མི་རིགས་ཀྱི་རྟ་རྩལ་དང་། མདའ་རྩལ། མི་རིགས་ཀྱི་ལུས་སྦྱོང་ལུས་རྩལ་སོགས་རྣམ་གྲངས་ལ་ཚད་བརྒལ་བྱུང་ནས་འགྲན་བསྡུར་ནང་ཞུགས་པའི་གྲུབ་འབྲས་དང་བསམ་པའི་དཔལ་ཡོན་གཉིས་ཀར་གྲུབ་འབྲས་བཟང་པོ་ཐོབ་ཡོད།
ང་ཚོས་ཉམས་མྱོང་ཕྱོགས་སྡོམ་ནན་ཏན་བྱས་ཏེ་ཞིང་ཆེན་དང་གྲོང་ཁྱེར་གཞན་གྱི་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་གྱི་སྔོན་ཐོན་བྱ་ཐབས་སློབ་སྦྱོང་བྱས་ནས་རང་ལྗོངས་ཀྱི་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་རྣམ་གྲངས་ཀྱི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ། མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་ལ་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་གི་ཡིན”ཞེས་ཟླ་གཡུང་ལྷ་མོས་བཤད།
འདི་ལོ་ལོ་22ལ་སླེབས་པའི་བོད་ཀྱི་མདའ་རྩལ་ལུས་རྩལ་པ་སྐལ་བཟང་ཆོས་སྒྲོན་ལ་སྐབས་འདིའི་ལུས་རྩལ་འགྲན་ཚོགས་ཐོག་མདའ་རྩལ་རྣམ་གྲངས་ཀྱི་སྲོལ་རྒྱུན་མདའ་རྩལ་གྱི་བུད་མེད་ཀྱི་པུས་བཙུགས་མདའ་རྩལ་གྱི་བྱ་དགའ་ཨང་དང་པོ་ཐོབ་པ་རེད། ཁོང་གིས“ང་རང་ཧ་ཅང་དགའ་པོ་བྱུང་། དེ་ནི་ངས་ཡུན་རིང་གྲ་སྒྲིག་བྱས་པར་ཁས་ལེན་ཐོབ་པ་ཞིག་རེད། འབྱུང་འགྱུར་ངས་མུ་མཐུད་འབད་བརྩོན་བྱས་ནས་སླད་ཕྱིན་གྱི་འགྲན་བསྡུར་ནང་གྲུབ་འབྲས་དེ་བས་ལེགས་པ་ཐོབ་པར་བྱེད་ཀྱི་ཡིན”ཞེས་གསར་འགོད་པར་བཤད་བྱུང་།
མཇུག་ཏུ་དཔལ་འབར་ཨ་མའི་མེ་དལ་བུར་ཤི་བ་དང་བསྟུན་ནས་སྐབས་འདིའི་ལུས་རྩལ་འགྲན་ཚོགས་ཕུན་སུམ་ཚོགས་པོའི་ངང་མཇུག་འགྲིལ་བ་རེད། རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གསུམ་པ་2027ལོར་ཧུའུ་ནན་ཞིང་ཆེན་དུ་འཚོག་རྒྱུ་རེད།