《བོད་རང་སྐྱོང་ལྗོངས་ཀྱི་བཅའ་ཁྲིམས་རོགས་སྐྱོར་ཁ་གསབ་བྱ་ཐབས》བཏོན་པ།
རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་མོས་མཐུན་ཐོབ་པ་བརྒྱུད། ཉེ་ཆར། རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་གིས་ལྗོངས་ནོར་སྲིད་ཐིང་དང་མཉམ་དུ《བོད་རང་སྐྱོང་ལྗོངས་ཀྱི་བཅའ་ཁྲིམས་རོགས་སྐྱོར་ཁ་གསབ་བྱ་ཐབས》(གཤམ་དུ《བྱ་ཐབས》ཞེས་བསྡུ་རྒྱུ)བཀྲམ་པ་རེད། 《བྱ་ཐབས》བཏོན་པ་དེས་ལྗོངས་ཡོངས་ཀྱི་བཅའ་ཁྲིམས་རོགས་སྐྱོར་ཞབས་ཞུའི་སྤུས་འབྲས་ལེགས་གཉེར་ལ་སྐུལ་འདེད་གཏོང་བ་དང་། བཅའ་ཁྲིམས་རོགས་སྐྱོར་མི་སྣའི་ཧུར་སེམས་སྐོང་འཐེན་གང་ལེགས་བྱེད་པ། བཅའ་ཁྲིམས་རོགས་སྐྱོར་བྱ་གཞག་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་འགན་ལེན་གལ་ཆེན་ཐུབ་རྒྱུ་ཡིན་པ་རེད།
《བྱ་ཐབས》ནང་བཅའ་ཁྲིམས་རོགས་སྐྱོར་གྱི་ཁ་གསབ་སྤྲོད་ཡུལ་ཁ་གསལ་བཏོན་ཡོད་པ་སྟེ། ཁ་གསབ་སྤྲོད་ཡུལ་ནི་སྤྱི་ཚོགས་ཀྱི་ཁྲིམས་རྩོད་པ་དང་། གཞི་རིམ་གྱི་བཅའ་ཁྲིམས་ཞབས་ཞུའི་ལས་དོན་པ། སྤྱི་ཚོགས་རྩ་འཛུགས་ཀྱི་མི་སྣ་སོགས་བཅའ་ཁྲིམས་རོགས་སྐྱོར་ལས་དོན་སྒྲུབ་འགན་འཁུར་མཁན་ཡིན་དགོས་པ་ལས། གཞུང་དོན་ལས་སྒྲུབ་ཀྱི་ཐོབ་ཐང་ལྡན་པའི་བཅའ་ཁྲིམས་རོགས་སྐྱོར་ལས་དོན་སྒྲུབ་འགན་འཁུར་མཁན་གྱིས་ཁ་གསབ་དེ་ལེན་ཆོག་གི་མེད་པ་དང་། གྱོད་གཞི་སྒྲུབ་གཉེར་བྱེད་པའི་བརྒྱུད་རིམ་ནང་ཐོན་པའི་ཐད་ཀའི་འགྲོ་གྲོན་བདེན་པ་བདེན་ཐུབ་ངང་རྩིས་ཞུ་བྱས་ཏེ། ནོར་དོན་དོ་དམ་ལམ་ལུགས་ལག་བསྟར་ནན་པོ་བྱས་ནས་ནོར་དོན་གྱི་ཉེན་ཁ་སྔོན་འགོག་བྱེད་དགོས།
《བྱ་ཐབས》ནང་བཅའ་ཁྲིམས་རོགས་སྐྱོར་ལས་དོན་ཁག་གི་ཁ་གསབ་ཚད་གཞི་ལེགས་སྒྲིག་བྱས་ཤིང་། རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་བའི་ཆུ་ཚད་ལ་གཞིགས་ཏེ་ཉེས་དོན་དང་། དམངས་དོན། སྲིད་འཛིན་སོགས་ཀྱི་གྱོད་གཞིའི་ཁ་གསབ་ཚད་གཞི་མཐོ་རུ་འོས་འཚམ་གཏོང་རྒྱུ་དང་། ལྷག་པར་དུ་བཅའ་ཁྲིམས་བློ་འདྲིའི་རིགས་ལ་ཉིན་རེར་ཁ་གསབ་མཐོ་ཤོས་སྒོར་80སྤྲོད་པ་ནས་སྒོར་350བར་མཐོ་རུ་གཏོང་རྒྱུ། གྱོད་གཞི་གཅིག་ལ་རོགས་སྐྱོར་བྱ་ཡུལ་མང་པོ་ཡོད་ཚེ་མི་གྲངས་ལྟར་གྱོད་གཞི་སྒྲུབ་གཉེར་གྱི་ཁ་གསབ་འོས་འཚམ་མང་དུ་གཏོང་བ་ལས། གྱོད་གཞི་མང་པོའི་གྲངས་ཚད་ལྟར་བསྐྱར་དུ་མི་བརྩི་རྒྱུ་ཁ་གསལ་བཏོན་པ། དོགས་གཞི་དང་། དཀའ་ངལ། རྙོག་འཛིང་བཅས་ཆེ་བའི་གྱོད་གཞི་ཚབས་ཆེན་དང་། རོགས་སྐྱོར་བྱེད་མཚམས་བཞག་པ། ཁ་གསབ་མི་སྤྲོད་པ་སོགས་དམིགས་བསལ་གནས་ཚུལ་ཚད་ལྡན་དུ་བཏང་བ་བཅས་རེད།