བྱང་ཐང་ས་གཞི་ཡངས་པོ་རུ། རིག་རྩལ་མེ་ཏོག་རབ་ཏུ་བཞད།
ནག་ཆུ་གྲོང་ཁྱེར་རྡོ་པ་རུ་རིག་རྩལ་གསོ་སྦྱོང་ལྟེ་གནས་ཀྱི་གསར་གཏོད་འཕེལ་རྒྱས་ཀྱི་གཏམ་རྒྱུད།
“《བོད་ཀྱི་སྦྲ་གུར་རྣམ་བཤད》ཅེས་པའི་དེབ་དེའི་ནང་སྦྲ་གུར་གྱི་ཐུན་མོང་མ་ཡིན་པའི་ཉམས་འགྱུར་མངོན་པ་མ་ཟད། རིག་གནས་སྔོག་འདོན་གཏིང་ཟབ་དང་ངོ་མཚར་ཆེ་བའི་རྒྱས་བཤད་བརྒྱུད། ཀློག་པ་པོས་བོད་རིགས་ཀྱི་དམངས་ཁྲོད་རིག་གནས་ལ་ངོས་འཛིན་དང་ཤེས་རྟོགས་དེ་བས་གཏིང་ཟབ་ཐུབ་པར་བྱས་ཡོད”
འདི་ལོའི་ཟླ་7ཚེས་13ཉིན། ནག་ཆུ་གྲོང་ཁྱེར་དཔེ་མཛོད་ཁང་གིས་རྡོ་པ་རུ་རིག་རྩལ་གསོ་སྦྱོང་ལྟེ་གནས་ཀྱི་རིག་གནས་མཉམ་སྤྱོད་བར་མཐོངས་དང་མཉམ་དུ་ནག་ཆུའི་རྩོམ་པ་པོ་སོག་རུ·ཀརྨ་ཀུན་ཁྱབ་ཀྱི《བོད་ཀྱི་སྦྲ་གུར་རྣམ་བཤད》ཅེས་པའི་དེབ་གསར་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ་རེད། ལྗོངས་ནང་ཁུལ་གྱི་རྩོམ་པ་པོ་དང་རྩོམ་རིག་དགའ་མོས་པ་50ཙམ་མཉམ་དུ་འཛོམས་ནས་རིག་གནས་ཀྱི་སྟོན་མོ་གཟབ་རྒྱས་ཉམས་སུ་མྱོང་ཡོད། རིག་གནས་འོས་སྦྱོར་བྱེད་སྒོ་འདི་ལྟ་བུ་རྡོ་པ་རུ་རིག་གནས་མཉམ་སྤྱོད་བར་མཐོངས་ཀྱིས་ཐེངས་5བདེ་བླག་ངང་གཉེར་ཡོད།
བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོར། ཏང་ཡོན་ཚོས་རིག་རྩལ་འཁྲབ་སྟོན་དང་ཤེས་བྱ་འགྲན་བསྡུར་སོགས་རྣམ་པ་དཔེ་གསར་ཅན་གྱི་ཐོག་ནས། ཏང་གཤིས་གསོ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ་གསར་བརྗེའི་རིག་གནས་དག་རིག་རྩལ་གྱི་ལམ་ནས་མི་སེམས་སུ་གཏིང་ཟབ་ཟུག་པར་བྱས་ཡོད།
རིག་རྩལ་བྱེད་སྒོ་ཐེངས་རེ་རེ་སྤེལ་བ་བརྒྱུད། ནག་ཆུ་གྲོང་ཁྱེར་གྱི་རྡོ་པ་རུ་རིག་རྩལ་གསོ་སྦྱོང་ལྟེ་གནས་དང་དེའི་རིག་གནས་མཉམ་སྤྱོད་བར་མཐོངས་ཀྱིས་དཔེ་ཀློག་གི་རྣམ་པ་ཟབ་མོ་ཞིག་བཏོད་ཡོད། རིག་གནས་ཁྱབ་གདལ་ཁྱབ་ཁོངས་ཀྱི་ལེགས་སྐྱེས་ལ་བརྟེན་ནས་རྡོ་པ་རུ་རིག་རྩལ་གསོ་སྦྱོང་ལྟེ་གནས་ལ་ནག་ཆུ་གྲོང་ཁྱེར་དཔེ་མཛོད་ཁང་གིས“དཔེ་ཀློག་ཁྱབ་གདལ་རྟེན་གཞིའི”མཚན་སྙན་སྤྲད་པ་རེད།
“རྡོ་པ་རུ་རིག་རྩལ་གསོ་སྦྱོང་ལྟེ་གནས་དང་དེའི་རིག་གནས་མཉམ་སྤྱོད་བར་མཐོངས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་པ་དེ་ནག་ཆུ་གྲོང་ཁྱེར་གྱིས་དམངས་གཉེར་ཁེ་ལས་འཕེལ་རྒྱས་ཁོར་ཡུག་ལེགས་སུ་གཏོང་བའི་ཐད་གསར་གཏོད་ཀྱི་བྱེད་ཐབས་རབ་དང་རིམ་པ་ལག་བསྟར་དང་རྒྱབ་སྐྱོར་ཤུགས་ཆེན་བྱས་པ་དང་ཁ་འབྲལ་ཐབས་མེད། འདི་ལོ་ཚུན། ནག་ཆུ་གྲོང་ཁྱེར་གྱི་འབྲེལ་ཡོད་སྡེ་ཚན་གྱིས་དམངས་གཉེར་ཁེ་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱ་རྒྱུའི་རྒྱལ་ཁབ་ཀྱི་འབོད་སྐུལ་དང་ལེན་ཧུར་ཐག་ཞུས་ནས། བྱ་ཐབས་དངོས་འདོན་པ་དང་དཀའ་གནད་བསལ་ཏེ་ཁེ་ལས་སྐྱོན་བྲལ་ངང་འཚར་ལོངས་ཡོང་བར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་ཡོད”ཅེས་རྡོ་པ་རུ་རིག་རྩལ་གསོ་སྦྱོང་ལྟེ་གནས་ཀྱི་མཉམ་འབྲེལ་གསར་གཏོད་པ་དང་བོད་ལྗོངས་སློབ་ཆེན་སྒྱུ་རྩོམ་རིག་པའི་ཤེས་རམས་པ་ལྷ་རྒོད་ཀྱིས་བཤད་པ་དང་། ཁོང་གིས་ཕ་ཡུལ་ལ་དགའ་ཞེན་དང་རིག་རྩལ་དོན་གཉེར་གྱི་བསམ་པ་བཅངས་ཏེ། སློབ་མཐར་ཕྱིན་རྗེས་ཕ་ཡུལ་དུ་ལོག་ནས་ལས་གཏོད་ཀྱི་ལམ་བུར་ཞུགས་པ་རེད།
འདི་ལོ་ནས་བཟུང་། ནག་ཆུ་གྲོང་ཁྱེར་གྱིས་ཚོང་གཉེར་ཁོར་ཡུག་མུ་མཐུད་ལེགས་སུ་གཏོང་བ་དང་། ཁྲལ་བསྡུའི་གཟིགས་སྐྱོང་སྲིད་ཇུས་རབ་དང་རིམ་པ་འདོན་པ། སྲིད་འཛིན་ཞིབ་མཆན་འགོད་པའི་བརྒྱུད་རིམ་སྟབས་བདེ་རུ་གཏོང་བ་བཅས་བྱས་ཏེ། དམངས་གཉེར་ཁེ་ལས་ལ་ཆེད་ལས་ཤེས་ལྡན་པ་བདམས་གཏོང་གི་ཐབས་ལམ་གཏན་འཁེལ་བྱེད་པ་དང་དམངས་གཉེར་ཁེ་ལས་ཀྱི་ཞབས་ཞུའི་ཐད་སྦྲེལ་ཁ་པར་བཙུགས་ནས། དམངས་གཉེར་ཁེ་ལས་ནག་ཆུར་གཞི་ཚུགས་པ་དང་འཕེལ་རྒྱས་ཡག་པོ་ཡོང་བར་གཡས་གཞོགས་གཡོན་འདེགས་བྱས་ཡོད།
“རྡོ་པ་རུ་རིག་རྩལ་གསོ་སྦྱོང་ལྟེ་གནས་དང་དེའི་རིག་གནས་མཉམ་སྤྱོད་བར་མཐོངས་ཀྱིས་གསར་གཏོད་འཕེལ་རྒྱས་ཀྱི་དར་ཆ་མུ་མཐུད་མཐོན་པོར་བསྒྲེངས་ནས་རིག་རྩལ་སློབ་གསོ་དང་རིག་གནས་བརྒྱུད་སྤེལ་གྱི་ལམ་བུར་དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་ཀྱི་ཡིན”ཞེས་ལྷ་རྒོད་ཀྱིས་བཤད་པ་དང་། ཁོང་གིས“ང་ཚོས་ད་ཡོད་ཀྱི་སློབ་ཚན་མ་ལག་གི་རྨང་གཞིའི་ཐོག་རང་ཡུལ་གྱི་རིག་གནས་ཐོན་ཁུངས་སྔོག་འདོན་གཏིང་ཟབ་བྱས་ནས་ལྷ་མོའི་འཁྲབ་སྟོན་འཛིན་གྲྭ་དང་ནག་ཆུའི་དམངས་གཞས་འཛིན་གྲྭ་སོགས་མི་རིགས་ཀྱི་ཁྱད་ཆོས་ཟབ་མོ་དང་ས་ཁོངས་ཀྱི་ཡུལ་སྲོལ་གོམས་གཤིས་ཟབ་མོ་ལྡན་པའི་སློབ་ཚན་མང་དུ་བཏང་སྟེ། དུས་རབས་གསར་པར་རང་ཡུལ་གྱི་ཕུལ་བྱུང་རིག་གནས་ཀྱི་བཀྲག་མདངས་དེ་བས་འཚེར་བར་བྱེད་ཀྱི་ཡིན”ཞེས་བཤད།