ཞིང་འབྲོག་ལས་ཀྱི“སྣེ་འདྲེན་ཁེ་ལས”དེ་བས་མང་བ་སྐྱེད་སྲིང་བྱེད་པ།
ཉེ་བའི་ལོ་ཤས་རིང་། བོད་ལྗོངས་སྨར་ཁམས་རྫོང་བོད་ཤར་དཀོན་ནོར་ཨ་རག་ལས་རིགས་ཚད་ཡོད་ཀུང་སི་སོགས་ཞིང་ལས་ཐོན་ལས་ཅན་ཁེ་ལས་ཀྱི་སྣེ་ཁྲིད་འོག་འཇང་མི་རིགས་ཤང་གིས“ཁེ་ལས་དང་། མཐུན་ཚོགས། རྟེན་གཞི། ཞིང་དུད”བཅས་ཟུང་དུ་འབྲེལ་བའི་བྱེད་སྟངས་བརྒྱུད་ས་ཞིང་དང་། རྩལ་ནུས། སྐྱེ་དངོས་སོགས་ཀྱི་ཐོན་ཁུངས་སྐུལ་སློང་གང་ལེགས་བྱས་ཏེ་ཐོན་སྐྱེད་དང་ཕྱུག་འགྱུར་གྱི་བརྒྱུད་རིམ་ནང་ཞིང་འབྲོག་པའི“མི་རྐྱང་རྟ་རྐྱང”གི་རྣམ་པར་འགྱུར་ལྡོག་བཏང་ནས་ཁེ་ལས་དང་ཞིང་འབྲོག་པར་གཉིས་ཕན་ཡོང་བའི་གཅིག་མཐུན་ཚོགས་པ་བསྐྲུན་ཡོད།
དེའི་ཁྲོད་ནས་ཞིང་ལས་ཐོན་ལས་ཅན་གྱི་སྣེ་འདྲེན་ཁེ་ལས་ནི་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་དང་ཞིང་ལས་གྲོང་གསེབ་དེང་རབས་ཅན་ལ་སྣེ་ཁྲིད་བྱེད་པའི་སྟོབས་ཤུགས་གསར་པ་ཞིག་དང་། གྲོང་གསེབ་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་བྱེད་པོ་གལ་ཆེན་ཞིག་ཡིན་པ་མཐོང་ཐུབ། ཞིང་ལས་ཐོན་ལས་ཅན་ལ་རྒྱབ་སྐྱོར་ཤུགས་ཆེན་བྱེད་པ་དང་། ཞིང་ལས་ཐོན་ལས་ཅན་གྱི་སྣེ་འདྲེན་ཁེ་ལས་ལ་རྒྱབ་སྐྱོར་དང་། ཁྲིད་སྟོན། ཞབས་ཞུ་བཅས་ལ་ཤུགས་སྣོན་རྒྱག་པ། སྣེ་འདྲེན་ཁེ་ལས་ཀྱི་སྣེ་ཁྲིད་དང་སྐུལ་ཁྲིད་ཀྱི་ནུས་པ་སྔར་བས་ཡག་པོ་འདོན་པ་བཅས་བྱས་ནས། ཞིང་ལས་ཐོན་འཕར་དང་། གྲོང་གསེབ་དར་རྒྱས། ཞིང་པར་འབབ་འཕར་བཅས་ལ་སྐུལ་འདེད་ནུས་ལྡན་གཏོང་དགོས།