མཚོ་སྔོན་གྱིས་དམངས་ཡོངས་ལ་ཁྱབ་པའི་སྨན་བཅོས་འགན་སྲུང་དྲ་བ་བཏོད་པ།
གཞི་རྩའི་སྨན་བཅོས་འགན་བཅོལ་དང་། ནད་ཆེན་འགན་བཅོལ། སྨན་བཅོས་རོགས་སྐྱོབ་བཅས་ཀྱི་གཙོ་གནད་ལམ་ལུགས་གསུམ་ལག་ལེན་བསྟར་བ་དེས་གྲོང་གསེབ་ཀྱི་ཡོང་འབབ་དམའ་བའི་མི་འབོར་མི་ཐེངས་ཁྲི་148.63ལ་ཕན་པ་ཐོབ་ནས་སྨན་རིན་གྱི་ཁུར་པོ་སྒོར་དུང་ཕྱུར་20.33ཡང་དུ་ཕྱིན་ཡོད།
མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་ལྟར་ན། ཉེ་ཆར། གསར་འགོད་པས་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་གིས་གཉེར་བའི“མཚོ་སྔོན་རྒྱུས་ལོན་དང་། མཚོ་སྔོན་ལ་དགའ་ཞེན། མཚོ་སྔོན་དར་རྒྱས་བཅས་ཡོང་བར་བྱེད་པའི”རིམ་སྤེལ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་སྨན་བཅོས་འགན་ལེན་སྐོར་གྱི་ཆེད་དོན་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ལས་ཤེས་རྟོགས་བྱས་པར། མཚོ་སྔོན་ཞིང་ཆེན་སྨན་བཅོས་འགན་སྲུང་ཅུས་ཀྱིས“1+3+N”ཡི་བང་རིམ་མང་བའི་སྨན་བཅོས་འགན་སྲུང་མ་ལག་གཏོད་རྒྱུར་དམིགས་ཏེ། སྨན་བཅོས་འགན་སྲུང་ལ་འཕེལ་རྒྱས་མྱུར་པོ་ཡོང་བར་སྐུལ་འདེད་གཏོང་རིང་དམངས་ཡོངས་ལ་ཁྱབ་པའི་སྨན་བཅོས་འགན་སྲུང་དྲ་བ་ཞིག་བཏོད་ནས་མང་ཚོགས་ལ“ན་དུས་སྨན་ཁང་བསྟེན་ས་ཡོད་པ་དང་། སྨན་བཅོས་ལ་འགན་སྲུང་ཡོད་པའི”མཐའ་ཚད་བརྟན་དུ་བཏང་ཡོད།
མཚོ་སྔོན་ཞིང་ཆེན་སྨན་བཅོས་འགན་སྲུང་ཅུས་ཀྱིས་འགན་འཁྲི་དོན་འཁྱོལ་དང་། སྲིད་ཇུས་དོན་འཁྱོལ། ལས་ཀ་དོན་འཁྱོལ་བཅས་འབྲེལ་མཐུད་བརྟན་པོ་ཡོང་བར་དམ་འཛིན་གྱིས་གྲངས་གཞི་ཆེན་པོར་ཞིབ་བསྡུར་བྱེད་ཤུགས་ཆེ་རུ་བཏང་ནས་ཐེམ་ཐོ་གྲོང་གསེབ་ཏུ་བསྒྱུར་བའི་ཡོང་འབབ་དམའ་བའི་མི་འབོར་དང་དབུལ་སྒྲོལ་མི་འབོར་འགན་བཅོལ་ནང་ཞུགས་པའི་འབྲེལ་བ་བསྒྱུར་བའི་སྦྲེལ་མཐུད་ལས་དོན་རྒྱུ་མ་ཕུ་འདེད་ཀྱིས་ཡག་པོ་བསྒྲུབས་ཏེ། ཡོང་འབབ་དམའ་བའི་གྲོང་གསེབ་ཀྱི་མི་འབོར་དང་དབུལ་སྒྲོལ་མི་འབོར་འགན་བཅོལ་ནང་ཞུགས་ཚད་99%ཡན་བརྟན་པོར་གནས་ཐུབ་པར་བྱས་ཡོད། དངུལ་གྲངས་ཆ་ཚང་སྤྲད་ནས་རོགས་རམ་བྱ་ཡུལ་དམིགས་བསལ་དཀའ་ངལ་ཡོད་མཁན་དང་། དངུལ་གྲངས་གཏན་འཁེལ་གྱིས་རོགས་པ་བྱེད་པའི་མ་མཐའི་འཚོ་བ་འགན་ལེན་བྱ་ཡུལ་སོགས་ཆ་རྐྱེན་གཞན་དག་འཛོམས་རིགས་ཀྱི་དཀའ་ངལ་ཡོད་པའི་མང་ཚོགས་གྲོང་མིའི་འགན་བཅོལ་ནང་ཞུགས་སུ་བཅུག་ཡོད། གཞི་རྩའི་སྨན་བཅོས་འགན་བཅོལ་དང་། ནད་ཆེན་འགན་བཅོལ། སྨན་བཅོས་རོགས་སྐྱོབ་བཅས་ཀྱི་གཙོ་གནད་ལམ་ལུགས་གསུམ་ལག་ལེན་བསྟར་བ་དེས་གྲོང་གསེབ་ཀྱི་ཡོང་འབབ་དམའ་བའི་མི་འབོར་མི་ཐེངས་ཁྲི་148.63ལ་ཕན་པ་ཐོབ་ནས་སྨན་རིན་གྱི་ཁུར་པོ་སྒོར་དུང་ཕྱུར་20.33ཡང་དུ་ཕྱིན་ཡོད། ཞིང་ཆེན་དང་། གྲོང་ཁྱེར། རྫོང་བཅས་ཀྱི་རིམ་གསུམ་སྨན་བཅོས་འགན་སྲུང་དང་། དམངས་སྲིད། ཞིང་ལས་དང་གྲོང་གསེབ་བཅས་ཀྱི་སྡེ་ཚན་གྱིས་ལྟ་ཞིབ་ཚད་ལེན་བྱས་ནས་ཉེན་ཟོན་སྔོན་བརྡ་གཏོང་བའི་གྲངས་གཞི་མཉམ་སྤྱོད་ཀྱི་ལམ་སྲོལ་བཙུགས་ཏེ། ཟླ་རེར་ལྟ་ཞིབ་ཚད་ལེན་དང་ཉེན་ཟོན་སྔོན་བརྡ་བཏང་བའི་གྲངས་གཞི་བཏོན་ནས་སྔ་ཙམ་ཤེས་རྟོཌ་དང་། སྔ་ཙམ་ཐེ་ཞུགས། སྔ་ཙམ་རོགས་རམ་བྱས་ཡོད། མིག་སྔར། རིམ་རྩིས་བརྒྱབ་ན། ནད་གཞིའི་རྐྱེན་གྱིས་དབུལ་ལོག་དང་དབུལ་འགྱུར་ལ་ལྟ་ཞིབ་ཚད་ལེན་བྱས་ནས་ཉེན་ཟོན་སྔོན་བརྡའི་མི་གྲངས་ཁྲི་3.5ཟིན་ཞིང་། བརྟག་དཔྱད་བྱས་པ་བརྒྱུད་མི་གྲངས་3622སྨན་བཅོས་འགན་བཅོལ་ནང་བཅུག་ནས་རོགས་རམ་བྱས་ཡོད། འབྲེལ་མཐུད་ལ་དཔྱད་བསྡུར་བྱས་པའི་སྐར་གྲངས་རྒྱལ་ཡོངས་ཀྱི་སྨན་བཅོས་འགན་སྲུང་ཁོང་གཏོགས་ཀྱི་མདུན་གྲས་སུ་བསྟུད་མར་སླེབས་རྒྱུ་རྒྱུན་འཁྱོངས་ཐུབ་ཡོད།
དེ་དང་ཆབས་ཅིག་ཏུ་སྲིད་གཞུང་གི་སྣེ་ཁྲིད་ནུས་པ་ཧུར་ཐག་བཏོན་ཞིང་། ཚོང་དོན་གྱི་བདེ་ཐང་འགན་བཅོལ་ལམ་ལུགས་འཛུགས་པ་དང་། སྲིད་ཇུས་འགོད་པ། དྲིལ་བསྒྲགས་སྐུལ་གཏོང་བཅས་ཀྱི་ལས་དོན་ལ་རྒྱབ་སྐྱོར་དང་ཚད་ལྡན་དུ་བཏང་ནས། གཙོ་གནད་ལམ་ལུགས་གསུམ་ཕྱོགས་བསྡུས་འགན་སྲུང་དང་ཚོང་དོན་གྱི་བདེ་ཐང་འགན་བཅོལ་མཐུན་སྦྱོར་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་ཡོད། དུས་འགོའི“ཟི་ལིང་གི་དམངས་ཕན་འགན་སྲུང”ལས་དོན་གྱི་རྨང་གཞིའི་ཐོག་ཞིང་ཆེན་ཡོངས་སུ“མཚོ་སྔོན་བདེ་ཐང་འགན་བཅོལ”གྱི་ལས་དོན་སྤེལ་བ་ཞིང་ཆེན་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ལ་ཁྱབ་ཐུབ་ཡོད། “2025ལོའི་མཚོ་སྔོན་བདེ་ཐང་འགན་བཅོལ”གྱི་ལས་དོན་དངོས་སུ་ལག་ལེན་བསྟར་འགོ་ཚུགས་པས། ཞིང་ཆེན་ཡོངས་སུ་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་ཚང་མ་འགན་བཅོལ་ནང་ཞུགས་ཆོག་པ་དང་། རྣམ་གྲངས་ཀྱིས་དམངས་ཕན་གྱི་སྲིད་ཇུས་མུ་མཐུད་ལག་ལེན་བསྟར་ནས། མི་རེས་ལོ་རེར་འགན་བཅོལ་དངུལ་སྒོར་89སྤྲད་ན་ཆོག་པ་དང་། རྣམ་གྲངས་རྐྱང་པ་འགན་སྲུང་གི་དངུལ་གྲངས་མང་ཤོས་ལ་སྒོར་ཁྲི་200འགན་ལེན་བྱ་རྒྱུ་དེ་འགན་སྲུང་ཆེན་པོ་གཉིས་ཀྱི་འགན་འཁྲིའི་ནང་ཚུད་པ་མ་ཟད། བདེ་ཐང་དོ་དམ་ཞབས་ཞུའི་རྣམ་གྲངས་མང་དུ་བཏང་བའི་ཁྲོད་སྨན་བཅོས་འགན་བཅོལ་ནང་ཐེ་བ་དང་མ་ཐེ་བའི་སྨན་ཁང་དུ་བསྡད་པའི་སྨན་རིན་མང་ཤོས་ལ་སྒོར་ཁྲི་200འགན་ལེན་དང་། དམིགས་གཏན་ཁེལ་བའི་སྨན་རིགས་སྣ་ཁ་དེ་རྒྱལ་ཁབ་ཕྱི་ནང་གི་དམིགས་གཏན་ཁེལ་བའི་སྨན་རིགས་སྣ་ཁ་44བར་མང་དུ་བཏང་བར་འགན་ལེན་དངུལ་གྲངས་མཐོ་ཤོས་ལ་སྒོར་ཁྲི་50ཟིན་པ་དང་། བདེ་ཐང་དོ་དམ་ཞབས་ཞུའི་རྣམ་གྲངས་8མང་དུ་བཏང་བ་ཚུད་ཡོད།
ངོ་སྤྲོད་བྱས་པར་གཞིགས་ན། མཚོ་སྔོན་ཞིང་ཆེན་སྨན་བཅོས་འགན་སྲུང་ཅུས་ཀྱིས་བདེ་ཐང་མཚོ་སྔོན་བྱ་སྤྱོད་ལག་བསྟར་དང་སྨན་བཅོས་འགན་སྲུང་ལམ་ལུགས་སྒྱུར་བཅོས་ཟབ་ཏུ་བཏང་སྟེ། ལམ་ལུགས་སྐུལ་སྤེལ་ལ་བརྟེན་ནས་སྔར་བས་འཐུས་ཚང་གཏན་འཁེལ་ཡོང་བ་གཙོ་རྐང་དུ་བྱས་ནས་དམངས་ཡོངས་ལ་ཁྱབ་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ལ་སྤྱི་འདོམས། དྲང་གཞག་གཅིག་གྱུར། རྒྱུན་མཐུད་ཆོག་པ་བཅས་ཀྱི་བང་རིམ་མང་བའི་སྨན་བཅོས་མ་ལག་ཅིག་གང་མགྱོགས་བཟོས་ནས་མི་དམངས་མང་ཚོགས་ལ་རྒྱུན་འཁོར་ཐུབ་པའི་སྨན་བཅོས་ཕྱོགས་ཡོངས་ནས་འགན་སྲུང་བྱ་རྒྱུ་ཡིན་པ་རེད།