ཁྱིམ་གཞིས་གསར་པར་སྤོས། འཚོ་བ་གསར་པ་སྐྱེལ།
མཚོ་སྔོན་དམར་གཙང་རྫོང་ས་ཡོམ་གེགས་ཁུལ་གྱི་གནོད་འཚེ་ཕོག་པའི་མང་ཚོགས་སྡོད་ཁང་གསར་པར་སྤོས་པའི་མཐོང་ཐོས།
འདི་ནི་ཀན་ཡན་ཧོ་དགའ་སྤྲོའི་ངང་སྡོད་ཁང་གསར་པར་སྤོ་བཞིན་པ།
ཁ་བ་ལྷབ་ལྷུབ་ཏུ་བབས་ནས་གནམ་གཤིས་གློ་བུར་དུ་གྲང་དུ་ཕྱིན་ཡང་། སྡོད་ཁང་གསར་པར་སྤོས་མ་ཐག་པའི་ཀན་ཡན་ཧོས་རང་ཁྱིམ་གྱི་འབོལ་ཁྲིའི་ཐོག་ལྷོད་ལྷོད་ངང་བསྡད་དེ“ཚེམ་བུ”རྒྱག་བཞིན་འདུག
“ཐོག་ཁང་ཡག་པོ་འདི་འདྲའི་ནང་སྡོད་རྒྱུ་བྱུང་བ་ནི་དངོས་གནས་བསམ་ཡུལ་ལས་འདས་སོང་། དགུན་ཁར་དེ་ཙམ་མི་འཁྱགས་པ་མ་ཟད། ཕྲུ་གུ་སློབ་གྲྭར་འགྲོ་བར་ཡང་ཧ་ཅང་སྟབས་བདེ་པོ་འདུག ང་ཚོའི་ངོས་ནས་བརྗོད་ན། གྲོང་ཁྱེར་གྱི་ཐོག་ཁང་ནང་སྡོད་རྒྱུ་བྱུང་བ་ནི་གེགས་བར་བྱུང་རྗེས་ནས་ད་བར་ཆེས་དགའ་བའི་དོན་དག་ཅིག་ཡིན”ཞེས་མཚོ་ཤར་གྲོང་ཁྱེར་དམར་གཙང་ཧུད་རིགས་ཧོར་རིགས་རང་སྐྱོང་རྫོང་ཧྲི་ནཱ་ཁུལ་གསར་པིན་ཧོ་ལྡུམ་ར་ཁུལ་ཆུང་གི་ཀན་ཡན་ཧོ་ཡིས་མྱོང་ཚོར་ཟབ་མོའི་སྒོ་ནས་བཤད།
ལོ་50ལྷག་ལ་སླེབས་པའི་ཀན་ཡན་ཧོ་ནི་མཱ་ཡིང་གྲོང་རྡལ་ལུའོ་ཅཱ་ཀོའུ་གྲོང་ཚོ་ནས་ཡིན་ཞིང་། ཁྱིམ་དུ་མི་དྲུག་ཡོད་ལ་ཡོང་འབབ་གཙོ་བོ་ནི་བུ་དང་མནའ་མས་ཕྱིར་ལས་ཀ་བྱས་པ་ལས་འོང་། ཅི་ཧྲི་ཧྲན་རྫོང་དུ་ས་ཡོམ་རིམ་པ་6.2བརྒྱབ་རྗེས་ཁོང་གི་སྡོད་ཁང་བརྡིབས་པས་ཏང་ཨུད་དང་སྲིད་གཞུང་གི་གཅིག་གྱུར་བཀོད་སྒྲིག་འོག་སྐབས་འཕྲལ་བཀོད་སྒྲིག་ཁང་པར་བསྡད།
ཀན་ཡན་ཧོའི་སྡོད་ཁང་གསར་པར་ཉལ་ཁང་གསུམ་དང་ཚོམས་ཁང་གཉིས་ཏེ་ཁྱོན་སྨི་ངོས་གྲུ་125ཡོད་ལ་མཛེས་བཟོ་ཡང་དེང་རབས་ལུགས་སུ་བྱས་ཡོད།
“སྔོན་ཆད་ངའི་ཁང་པ་ཉེན་ཁང་རིམ་པ་Dལ་གསལ་འབྱེད་བྱས་པས། རྗེས་སུ་ང་ཚོས་འགན་སྲུང་ཁང་པ་ཉོས་ནས་གྲོང་ཁྱེར་དུ་བསྡད་པ་ཡིན། དེ་དུས་སྲིད་གཞུང་གིས་ཁ་གསབ་སྒོར་ཁྲི་16.5སྤྲད་པའི་ཁར་རང་ཉིད་ཀྱིས་དངུལ་ཁག་གཅིག་གྲབས་གསོག་དང་། དེ་མིན་མཛེས་བཟོ་བྱས་པའི་འགྲོ་གྲོན་སྒོར་ཁྲི་8ལྷག་བཅས་ཚང་མ་བསྡོམས་ནའང་སྒོར་ཁྲི་30ལྷག་ཙམ་ལས་ཕྱིན་མེད་པས་ཧ་ཅང་ཁེ་པོ་བྱུང་། ཉིན་ཤས་གོང་ད་དུང་མཛེས་བཟོ་དང་ཁྱིམ་སྤྱོད་གློག་ཆས་ཉོས་པའི་ཁ་གསབ་ཀྱང་ལེན་རྒྱུ་འདུག་པ་གོ་བས། ཏང་དང་སྲིད་གཞུང་གི་སྲིད་ཇུས་བཟང་པོ་ལས་ང་ཚོ་མི་སེར་ལ་དངོས་འབྲེལ་ཕན་པ་ཐོབ་ཡོད”ཅེས་ཀན་ཡན་ཧོ་ཡིས་དགའ་སྤྲོའི་ངང་གསར་འགོད་པར་བཤད་བྱུང་།
སྲིད་ཇུས་ཀྱི་ཁེ་སྤོགས་ལ་བརྟེན་ནས་ཁང་པའི་ལྡེ་མིག་ལེན་པ་དང་། ཁང་དངུལ་ལྷག་འཕྲོས་སྤྲོད་པ། མཛེས་བཟོ་བྱས་ནས་ནང་དུ་སྤོ་བ་བཅས་ལ་དུས་ཡུན་ཟླ་བ་ལྔ་ལྷག་ལས་མ་འགོར་བར་ཟླ་ཚེས་བཟང་པོ་ཞིག་ལ་སྡོད་ཁང་གསར་པར་བདེ་བླག་ངང་སྤོ་ཐུབ་པ་བྱུང་ཞེས་ཀན་ཡན་ཧོས་དགའ་སྤྲོའི་ངང་བཤད།
ཀན་ཡན་ཧོའི“འཚོ་བ་གསར་པ”ནི་ས་གནས་དེ་གས་འགན་སྲུང་ཁང་པ་ཉོས་ནས་བཀོད་སྒྲིག་བྱས་པའི་གེགས་རྗེས་བསྐྱར་སྐྲུན་གྱི་གནས་སྤོས་དུད་ཚང་ཚོའི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། དམར་གཙང་རྫོང་གྲོང་གི་པིན་ཧོ་ལྡུམ་ར་ཁུལ་ཆུང་ནི་དེ་སྔའི་ཧྲི་ནཱ་A2ཁུལ་ཆུང་ཡིན་པ་རེད། པིན་ཧོ་ལྡུམ་ར་ཁུལ་ཆུང་ཁོ་ནར་ཀན་ཡན་ཧོ་དང་འདྲ་བར་ཁང་པ་མཛེས་བཟོ་ཚར་ནས་སྤོ་མཁན་དུད་ཚང་130ལྷག་ཡོད་པ་དང་། མཐའ་འཁོར་ཁུལ་ཆུང་ཁག་ཏུ་དུད་ཚང་500ལྷག་གིས་མཛེས་བཟོ་བྱེད་བཞིན་པའི་སྒང་ཡིན། ད་དུང་དུད་ཚང་ལྷག་མ་རྣམས་ཀྱིས་ཀྱང་གོ་རིམ་ལྡན་པའི་ངང་ཁང་པའི་ནང་སྡོད་པའི་འགྲོ་ལུགས་གཉེར་བཞིན་ཡོད་པ་རེད།
དམར་གཙང་རྫོང་པཱ་ཀྲོའུ་གྲོང་རྡལ་ལུ་གུ་ཐང་གྲོང་ཚོའི་ས་གཤིས་གནོད་འཚེའི་ཉེན་གཡོལ་གནས་སྤོས་གཅིག་སྡུད་བཀོད་སྒྲིག་བྱ་ཡུལ་ལའང་དགའ་སྤྲོའི་རྣམ་པ་ཞིག་མངོན་པ་སྟེ། ཆ་ཡིག་དམར་པོ་སྦྱོར་བ་དང་། ཤོག་སྦག་རྒྱག་པ། འབྲས་དང་། གྲོ་ཞིབ། བཟའ་སྣུམ་བཅས་སྐྱེལ་བ་སོགས་སྔོན་ལ་སྤོ་མཁན་གནས་སྤོས་དུད་ཚང་ཁག་དང་པོ་ཚོས་དགའ་དགའ་སྤྲོ་སྤྲོའི་ངང་ཁྱིམ་གཞིས་གསར་པར་བདེ་སྐྱིད་འཚོ་བ་སྐྱེལ་འགོ་ཚུགས་ཡོད་པ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། པཱ་ཀྲོའུ་གྲོང་རྡལ་ལུ་གུ་ཐང་གྲོང་ཚོའི་ཉེན་གཡོལ་གནས་སྤོས་གཅིག་སྡུད་བཀོད་སྒྲིག་བྱ་ཡུལ་དེ་ནི་པཱ་ཀྲོའུ་གྲོང་རྡལ་པཱ་ཨར་གྲོང་ཚོ་དང་ལུ་གུ་ཐང་གྲོང་ཚོར་ཡོད་ལ། ས་གནས་དེ་གའི་ཏང་ཨུད་དང་སྲིད་གཞུང་གིས“ས་ཆ་ཡག་པོ་དང་། འཆར་འགོད་ཡག་པོ། སྤུས་ཚད་ཡག་པོ། ལེ་ལག་ཚང་བ། ཐོན་ལས་བཟང་བ”བཅས་འཇུག་གཞིར་བྱས་ཐོག་མང་ཚོགས་ཀྱི་འདོད་མོས་དང་འཆར་འགོད་ལྟར་ཞིང་དུད་ཚོའི་སྡོད་ཁང་ཐོག་སོ་དང་པོ་དང་གཉིས་པ་དང་། རྒྱ་ཁྱོན་སྨི་ངོས་གྲུ་81.4ནས་118.26བར་གྱི་ཁང་པ་ཆེ་ཆུང་མི་འདྲ་བ་བཞིར་དབྱེ་བ་དང་ཆབས་ཅིག་གནས་སྤོས་མང་ཚོགས“གནས་སྤོ་ཐུབ་པ་དང་། གཞིས་ཆགས་ཐུབ་པ། ལས་ཞུགས་ཐུབ་པ། ཕྱུག་པོ་ཆགས་ཐུབ་པ”བཅས་ཡོང་ཆེད་ཁང་མིག་གཅིག་ཚོང་སྒྱུར་ཁང་པར་འཆར་འགོད་བྱས་ཡོད།
མཱ་ཧྲི་མིང་གི་སྒོ་ར་ཁེར་གཙང་མའི་ནང་སྐྱོད་སྐབས། ཐོག་སོ་གཉིས་ལྡན་གྱི་ཐོག་ཁང་ཆུང་ངུའི་མཛེས་བཟོ་ལེགས་གྲུབ་ཟིན་ཞིང་། ཁྱིམ་ཆས་ཉོ་དགོས་པ་ཚང་མ་ཉོས་ཡོད་པ་དང་མདུན་ཅོག་སྟེང་དུ་ཤིང་འབྲས་སོས་པ་མང་པོ་བསྒྲིགས་ཡོད་པ་རེད།
མཱ་ཧྲི་མིང་ནི་པཱ་ཀྲོའུ་གྲོང་རྡལ་ཏཱ་ཅའོ་ཐུའུ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཡིན་པ་དང་། ཏང་ལོ་38ཟིན་པ་དང་གྲོང་ཚོའི་ལས་བྱེད་པ་ལོ་28བྱས་མྱོང་། ཏཱ་ཅའོ་ཐུའུ་གྲོང་ཚོར་སྲིད་ཇུས་དྲིལ་བསྒྲགས་བྱེད་སྐབས་ཉེན་གཡོལ་གནས་སྤོས་མང་ཚོགས་དུད་ཚང་40བཀོད་སྒྲིག་བྱེད་ཐབས་མི་འདྲར་བརྟེན་ནས་རི་ཁུལ་ནས་ཕྱིར་སྤོས་ཡོད། མཱ་ཧྲི་མིང་ཚུད་པའི་གནས་སྤོས་མང་ཚོགས་དུད་ཚང་10ལུ་གུ་ཐང་གྲོང་ཚོའི་གཅིག་སྡུད་བཀོད་སྒྲིག་བྱ་ཡུལ་དུ་སྤོས་ནས་སྡོད་ཁང་འདེམས་པ་དང་། དངུལ་སྤྲོད་པ། མཛེས་བཟོ་བྱེད་པ། ཁང་པའི་ནང་སྤོ་བ་བཅས་བྱེད་རིང་། མཱ་ཧྲི་མིང་གིས་མིག་དཔེ་བསྟན་ཡོད།
མཱ་ཧྲི་མིང་གིས“ཏང་གི་སྲིད་ཇུས་དངོས་འབྲེལ་ཡག་པོ་འདུག ང་ཚོ་གནས་སྤོ་ཐུབ་པ་མ་ཟད། ང་ཚོར་འཚོ་རྟེན་ཡང་བཙལ་འདུག ཁྱིམ་གྱི་ཚོང་སྒྱུར་ཁང་པར་ངས་སིལ་ཟས་འཚོང་རྩིས་ཡོད་ལ། རིན་མི་དགོས་པར་འགན་གཙང་བླངས་པའི་དྲོད་ཁང་ནང་སྔོ་ཚལ་ཏོག་ཙམ་འདེབས་རྩིས་ཡོད་པས་འཚོ་བ་དེ་ལས་ཡག་ཏུ་འགྲོ་རྒྱུ་རེད”ཅེས་བཤད།
འདི་ལོར་ལོ་68ལ་སླེབས་པའི་ཡེ་ཏེ་ཀྲུང་གཟུགས་པོ་ཐང་པོ་ཡོད་ལ། བུ་ཕྲུག་ཚང་མ་གཉེན་བསྒྲིགས་ཏེ་ཕྱིར་གླ་པ་རྒྱུག་པར་ཕྱིན་ནས་ཁྱིམ་དུ་ཁོང་གཅིག་པུ་ལས་མེད། ད་ཆ་ཁོང་གི་སྡོད་ཁང་ལ་མཛེས་བཟོ་བྱེད་བཞིན་ཡོད། ཁོང་གིས“ངས་དངུལ་སྐར་ལི་གཅིག་ཀྱང་གཏོང་མི་དགོས་པར་རི་ཁུལ་ནས་སྤོས་ཡོང་བ་ཡིན། ད་ཆ་ཕྱིར་སྐྱོད་པ་དང་། སྨན་པ་བསྟེན་པ། ཕྲུ་གུ་སློབ་གྲྭར་གཏོང་བ་བཅས་ཚང་མ་སྔོན་མ་ལས་སྟབས་ཧ་ཅང་བདེ་རུ་ཕྱིན་ཡོད། ཏང་དང་སྲིད་གཞུང་གི་བཀའ་དྲིན་ངས་ཚེ་གང་བརྗེད་མི་སྲིད”ཅེས་སེམས་འགུལ་ཐེབས་བཞིན་དུ་བཤད།
འདི་ལོར་དམར་གཙང་རྫོང་གིས་ས་གཤིས་གནོད་འཚེའི་ཉེན་གཡོལ་གནས་སྤོ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དང་དམངས་འཚོའི་འདུ་འགོད་གལ་ཆེན་ཞིག་ཏུ་བརྩིས་ནས། གཅིག་སྡུད་དང་ཁ་འགྲེམས་སོགས་ཀྱི་བཀོད་སྒྲིག་བྱེད་སྟངས་ལྟར་ས་གཤིས་གནོད་འཚེའི་ཉེན་གཡོལ་དུད་ཚང་2616གི་གནས་སྤོས་བཀོད་སྒྲིག་ལས་འགན་ལག་ལེན་བསྟར་འགོ་ཚུགས་པའི་ནང་དུད་ཚང་247རང་བརྟེན་ཁ་ཐོར་བཀོད་སྒྲིག་དང་། དུད་ཚང་962ཐོག་ཁང་དུ་བཀོད་སྒྲིག དུད་ཚང་1407གཅིག་སྡུད་གནས་སྤོ་བཀོད་སྒྲིག་བཅས་བྱས་ཡོད། གནས་སྤོས་མང་ཚོགས་ཀྱི་ཁུར་པོ་ཡང་དུ་ཤུགས་ཆེན་གཏོང་ཆེད། དམར་གཙང་རྫོང་གིས་དུད་ཚང་སོ་སོའི་གནས་ཚུལ་དང་བསྟུན་ནས་སྲིད་ཇུས་ལག་ལེན་བསྟར་ཏེ་མ་དངུལ་དང་ཁང་ཁུངས་སོགས་ཐོན་ཁུངས་བསྡུ་སྒྲིལ་བྱས་པ་དང་ཆབས་ཅིག་སྡོད་ཁང་འཛུགས་སྐྲུན་དང་ཚོང་དོན་སོགས་སྡེ་ཚན་སྤྱི་འདོམས་ཀྱིས་སྡེ་ལས་ཞབས་ཞུའི་ལས་དོན་ཧུར་ཐག་་བསྒྲུབས་པས། བཀོད་སྒྲིག་བྱས་པའི་མང་ཚོགས་རྣམས་སྡོད་ཁང་གསར་པར་བློ་བདེ་པོས་སྡོད་ཐུབ་པ་དང་སྐྱིད་སྣང་དོད་པོས་འཚོ་བ་སྐྱེལ་ཐུབ་པ་བྱུང་ཡོད།