དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • མངའ་རིས་ཀྱི“དོན་གྲུབ”གཉིས་ཀྱིས་བརྗོད་དོན།

    “ཧྲུའུ་ཅི་ཁུང་ལགས་ཀྱི་གཏམ་རྒྱུད་སེམས་ནང་ལྷང་ངེར་དྲན་གྱི་འདུག”

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-11-30

    མངའ་རིས་སུ་བཅར་འདྲི་བྱེད་སྐབས་མིང་གཅིག་མཚུངས་ཀྱི“དོན་གྲུབ”གཉིས་དང་ཐུག་འཕྲད་བྱུང་། ཁོང་གཉིས་ཁུང་ཧྥན་སེན་དང་མཉམ་དུ་ལས་ཀ་བྱེད་མྱོང་འདུག

    “དེ་ནི་ང་རང་ཧྲུའུ་ཅི་ཁུང་ལགས་དང་ཐད་ཀར་འབྲེལ་གཏུག་བྱེད་ཐེངས་དང་པོ་ཡིན་ལ། ཁོང་དང་མཉམ་དུ་གཤམ་སྐྱོད་བྱེད་ཐེངས་དང་པོའང་ཡིན”ཞེས་དོན་གྲུབ་ཀྱིས་བརྗོད་པ་དང་། འདི་ལོ་ལོ་59ལ་སླེབས་པའི་དོན་གྲུབ་ཀྱིས་རྒན་ཡོལ་མ་ཞུས་གོང་མངའ་རིས་ས་ཁུལ་བཟོ་ཚོགས་དོན་གཅོད་ཁྲུའི་ཀྲུའུ་རེན་གཞོན་པའི་འགན་ཁུར་ཞིང་། དེ་སྔ་ཁུང་ཧྥན་སེན་དང་གཤིབ་མྱོང་བའི་གནས་ཚུལ་རེ་ཟུང་སྐོར་གླེང་སྐབས་ཁོང་གི་མིག་ལ་མཆི་མ་འཁོར།

    1991ལོར། སློབ་ཆེན་ཐོན་རྗེས་དོན་གྲུབ་ཕ་ཡུལ་མངའ་རིས་སུ་ལོག་ནས་ས་ཨུད་རྩ་འཛུགས་པུའི་རྩ་འཛུགས་ཁོའོ་རུ་ལས་ཀ་བྱས། ལས་ཀའི་དགོས་མཁོའི་དབང་གིས་རྟག་ཏུ་ས་ཨུད་ཀྱི་འབྲེལ་ཡོད་ཁོ་ཧྲི་དང་མཉམ་དུ་གཞུང་དོན་སྒྲུབ་ཀྱི་ཡོད། 1992ལོར། ཁུང་ཧྥན་སེན་མངའ་རིས་སུ་ས་ཨུད་ཧྲུའུ་ཅིའི་འགན་བཞེས་པར་ཕེབས་ཡོད། “སྐབས་དེ་དུས་ཧྲུའུ་ཅི་ཁུང་ལགས་བོད་སྐྱོར་གནང་བར་ཕེབས་ཐེངས་གཉིས་པ་ཡིན་པ་མ་ཟད། ཆ་རྐྱེན་དཀའ་ཚེགས་ཆེ་བའི་མངའ་རིས་ས་ཁུལ་དུ་ཕེབས་པ་ཐོས་སྐབས་ང་ཚོས་ཁོང་ལ་གུས་སེམས་ཆེན་པོ་སྐྱེས་བྱུང”ཞེས་དོན་གྲུབ་ཀྱིས་བརྗོད།

    སྐབས་དེ་དུས་ཁུང་ཧྥན་སེན་གྱིས་ཏང་འཛུགས་སྐྱོང་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ནས་རྟག་ཏུ་གཤམ་སྐྱོད་འཚམས་འདྲི་དང་བརྟག་ཞིབ་གནང་བར་ཕེབས་ཀྱི་ཡོད། 1993ལོའི་ཉིན་ཞིག་དོན་གྲུབ་ལ་ཁུང་ཧྥན་སེན་དང་མཉམ་དུ་དགེ་རྒྱས་རྫོང་དུ་བརྟག་ཞིབ་ལ་འགྲོ་དགོས་པའི་བརྡ་ཐོ་འབྱོར། ཁུང་ཧྥན་སེན་དང་མཉམ་དུ་གཞི་རིམ་དུ་སྐྱོད་ཐེངས་དང་པོ་ཡིན་པས་ལོ་20ལྷག་ཙམ་ཡིན་པའི་དོན་གྲུབ་ཀྱི་སེམས་ནང་དངངས་འཚབ་ཆེན་པོ་བྱུང་ཞིང་། དོན་གྲུབ་ཀྱིས“སྐབས་དེ་དུས་བསམ་ཚུལ་གཅིག་ལས་མེད་དེ། ངེས་པར་དུ་ལས་དོན་གཟེངས་སུ་ཐོན་པའི་སྒོ་ནས་ལེགས་སྒྲུབ་བྱེད་རྒྱུ་དེ་ཡིན”ཞེས་ཕྱིར་དྲན་བྱེད་བཞིན་བརྗོད། ས་ཆ་གང་དུ་སླེབས་རིམ་བཞིན་དོན་གྲུབ་ཀྱིས་ཤང་དང་གྲོང་རྡལ་གྱི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་ཞིབ་ཚགས་བྱེད་པར། ཁུང་ཧྥན་སེན་གྱིས་ནན་ཏན་གསན་པ་མ་ཟད་ད་དུང་རྟག་ཏུ་དྲི་བ་འདོན་གྱི་ཡོད།

    2016ལོར་རྒན་ཡོལ་ཞུས་རྗེས། དོན་གྲུབ་ཀྱིས་ནུས་ཤུགས་ལྷག་མ་ཧུར་ཐག་བཏོན་ཏེ་མངའ་རིས་ས་ཁུལ་དམངས་གཉེར་ཁེ་ལས་ཀྱི་ཏང་འཛུགས་སྐྱོང་གི་མཛུབ་ཁྲིད་པའི་འགན་ཁུར་ནས། དྲིལ་བསྒྲགས་སྒྲོག་འགྲེལ་བྱེད་སྒོའི་ནང་ཧུར་ཐག་ཞུགས་ཤིང་། ཁོང་གིས“ངས་ཧྲུའུ་ཅི་ཁུང་ལགས་ཀྱི་གཏམ་རྒྱུད་མི་དེ་བས་མང་པོར་བརྗོད་ཀྱི་ཡིན”ཞེས་བརྗོད།

    “དོན་གྲུབ”གཞན་དེར་བཅར་འདྲི་བྱེད་སྐབས། ཁོང་གིས་ཀྱང་ཁུང་ཧྥན་སེན་དང་མཉམ་དུ་གཤམ་སྐྱོད་བྱས་པའི་གནས་ཚུལ་ཕྱིན་དྲན་ནས་གླེང་འགོ་བཙུགས།

    ཁུང་ཧྥན་སེན་གཤམ་སྐྱོད་ཀྱི་གནས་ཚུལ་ཕྱིར་དྲན་བྱེད་བཞིན་མངའ་རིས་ས་ཨུད་གཞུང་ལས་ཁང་གི་དེ་སྔའི་ཀྲུའུ་རེན་དོན་གྲུབ་ཚེ་རིང་གིས“ཧྲུའུ་ཅི་ཁུང་ལགས་ཀྱིས་སྟབས་བདེའི་ཐུག་པ་སྒམ་གཅིག་དང་བག་ལེབ་ཁ་ཤས་ཁྱེར་བ་ལས་དེ་འཕྲོས་ཚང་མ་ང་ལ་སློག་བྱུང”ཞེས་ཚོར་སྣང་ཟབ་མོས་བརྗོད།

    འདི་ལོ་ལོ་65ལ་སླེབས་པའི་དོན་གྲུབ་ཚེ་རིང་གིས་རྟག་ཏུ་ས་ཁུལ་གྱི་རྒན་རྒོན་བྱེད་སྒོ་ལྟེ་གནས་སུ་ཁོང་དང་ཁུང་ཧྥན་སེན་དབར་གྱི་གཏམ་རྒྱུད་བརྗོད་བྱུང་།

    1990ལོར། ལོ་33ལ་སླེབས་པའི་དོན་གྲུབ་ཚེ་རིང་དཔུང་སྡེ་ནས་མངའ་རིས་ས་ཨུད་གཞུང་ལས་ཁང་དུ་ལས་སྒྱུར་བྱས། 1992ལོར་ཁུང་ཧྥན་སེན་མངའ་རིས་སུ་ཕྱག་ལས་གནང་བར་ཕེབས་རྗེས། དོན་གྲུབ་ཚེ་རིང་གིས་རྒྱབ་ཕྱོགས་མཁོ་སྒྲུབ་ལས་ཀའི་འགན་ཁུར་ཡོད། དམག་མི་བྱེད་མྱོང་བའི་ཁོང་གི་ལས་ཀ་ཞིབ་ཚགས་ཅིང་། གཤམ་སྐྱོད་མ་བྱས་གོང་ས་ཨུད་ཀྱིས་གཏན་འབེབས་བྱས་པའི་ཚད་གཞིར་ནན་པོ་གཞིགས་ནས་འགན་ལེན་དངོས་ཟོག་གྲ་སྒྲིག་ཡག་པོ་བྱེད་ཀྱི་ཡོད། ཡིན་ནའང་། རྡོག་ཐོན་བྱེད་ཉེའི་མཚམས་སུ་སླེབས་རིམ་བཞིན། ཁུང་ཧྥན་སེན་གྱིས་རྟག་ཏུ་དངོས་ཟོག་ལྷག་མ་རྣམས་ཁོང་ལ་བསློགས་ནས་རང་ཉིད་ལ་སྟབས་བདེའི་ཐུག་པ་དང་ཆུ་སྒམ་གཅིག་ལས་ཉར་གྱི་མེད།

    དོན་གྲུབ་ཚེ་རིང་གི་དྲན་ཤེས་ནང་། ཁུང་ཧྥན་སེན་གྱིས་དམིགས་བསལ་གཏན་ནས་མི་གནང་བར་ལས་བྱེད་ལས་བཟོ་དང་མཉམ་དུ་ཟ་ཁང་དུ་ཁ་ལག་ཟ་བ་དང་། ཁོང་ལ་གྲ་སྒྲིག་བྱས་པའི་ཤིང་འབྲས་ཀྱང་དོན་གྲུབ་ཚེ་རིང་ལ་ཚང་མར་སྤྲོད་དགོས་པའི་བཀའ་གནང་གི་ཡོད།

    ལས་བྲེལ་ཆེ་བའི་དབང་གིས་ཁུང་ཧྥན་སེན་རྟག་ཏུ་ཞལ་ལག་མཆོད་ཁོམ་མེད་པས། དོན་གྲུབ་ཚེ་རིང་གིས་ཁོང་གི་སྐུ་གཟུགས་ལ་སེམས་ཁྲལ་ཆེན་པོ་བྱེད་ཅིང་། ཐེངས་ཤིག་ཟ་ཁང་ལ་ཧྲན་ཏུང་གི་ཚལ་ཞིག་བརྔོ་རུ་བཅུག འོན་ཀྱང་མཐར་ཁུང་ཧྥན་སེན་གྱིས་དོན་གྲུབ་ཚེ་རིང་ལ་ཚལ་དེ་ཟ་ཁང་དུ་སྐྱེལ་བར་བཏང་ནས་ལས་བྱེད་ལས་བཟོ་དང་མཉམ་དུ་མཆོད་ཡོད།

    ཁུང་ཧྥན་སེན་དང་མཉམ་དུ་གཤིབ་པའི་དུས་ཚོད་རིང་པོ་མེད་ཀྱང་དོན་གྲུབ་ཚེ་རིང་ལ་མྱོང་ཚོར་ཟབ་མོ་བྱུང་ཡོད་ཅིང་། ཁོང་གིས“ཧྲུའུ་ཅི་ཁུང་ལགས་ཀྱི་གཏམ་སྤྱོད་ལས་ང་ལ་ཤུགས་རྐྱེན་ཟབ་མོ་ཐེབས་བྱུང་། ཁོང་གིས་ང་ལ་གསུངས་པའི་བཀའ་མོལ་ཚང་མ་ངས་སེམས་ལ་བཞག་ཡོད། ཁོང་ནི་ནམ་ཡང་ང་ཚོས་སློབ་སྦྱོང་བྱེད་སའི་མིག་དཔེ་ཡིན”ཞེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།