ཁུང་ཧྥན་སེན་གྱི་གསོས་ཕྲུག་ཆོས་དབྱིངས་ཀྱིས་བརྗོད་དོན།
“ཁུང་ཧྥན་སེན་གྱི་སྙིང་སྟོབས་ཀྱིས་ངའི་མི་ཚེར་འོད་སྣང་སྦྱིན་བྱུང”
“སྤོ་བོ་ཁུང་ལགས་སྐུ་འཚོ་བཞུགས་སྐབས་རང་ཉིད་ལ་ཕ་ཡུལ་འཛུགས་སྐྲུན་བྱེད་པར་ཕན་འདོགས་པའི་མི་ཞིག་བྱེད་དགོས་ཞེས་བསླབ་བྱ་ཡང་ཡང་གནང་གི་ཡོད”ཆོས་དབྱིངས་ཀྱིས་ཁོང་གི་སྐད་ཆ་དེ་ངའི་སེམས་ནང་བརྟན་པོར་ངེས་ཡོད་ཅེས་བཤད།
ལྷ་ས་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གསར་འགོད་པར་དེ་སྔོན་ཁུང་ཧྥན་སེན་གྱིས་གསོས་པའི་ཆོས་དབྱིངས་དང་ཐུག་བྱུང་།
ཆོས་དབྱིངས་ཀྱི་དྲན་འཆར་ལས་གསལ་དོན།1992ལོར་ལྷ་ས་མལ་གྲོ་གུང་དཀར་རྫོང་དུ་ས་ཡོམ་བརྒྱབ་ནས་སྐབས་དེ་དུས་ལྷ་ས་གྲོང་ཁྱེར་གྱི་ཧྲི་ཀྲང་གཞོན་པ་ཡིན་པའི་ཁུང་ཧྥན་སེན་འཕྲལ་མར་གེགས་ཁུལ་དུ་ཕེབས་སྐབས། གཉེན་ཉེ་གྲོངས་པའི་བོད་རིགས་དྭ་ཕྲུག་ཆོས་དབྱིངས་དང་ཀུན་བཟང་ངོ་ཤེས། ཆགས་ས་བརྟེན་ས་མེད་པའི་ཕྲུ་གུ་དེ་གཉིས་མཐོང་སྐབས་ཁུང་ཧྥེན་སེན་གྱིས་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་ཁོང་གཉིས་གྲོང་ཁྱེར་དུ་ཁྲིད་ནས་ལྟ་རྟོག་གནང་རྒྱུའི་སེམས་ཐག་བཅད། ཁོང་གིས་ཕྲུ་གུ་གཉིས་པོར་འཚོ་བའི་འགན་ལེན་གནང་བ་མ་ཟད། ད་དུང་ཁོང་གཉིས་ལ་ཡི་གེ་བསླབས་ནས་ཕྲུ་གུ་བསུ་སྐྱེལ་གང་ཐུབ་ཀྱིས་སེམས་ཁུར་དང་གཅེས་སྐྱོང་ལྷད་མེད་གནང་བ་རེད།
“བོད་དུ་ཁུང་ཧྥན་སེན་གྱིས་གམ་པ་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། ལྷ་ས་གྲོང་ཁྱེར་གྱི་ཧྲི་ཀྲང་གཞོན་པ། མངའ་རིས་ས་ཨུད་ཀྱི་ཧྲུའུ་ཅི་བཅས་གང་ཞིག་གནང་རུང་། ཁོང་གིས་ལས་ཀ་ལྷག་བསམ་རྣམ་དག་གནང་ནས་བོད་ཀྱི་འཕེལ་རྒྱས་དང་མི་སེར་གྱི་བདེ་སྐྱིད་ཆེད་ལེགས་སྐྱེས་ཕུལ་གྱི་ཡོད”ཅེས་ཆོས་དབྱིངས་ཀྱིས་བཤད།
1994ལོའི་ཟླ་11ཚེས་29ཉིན། ཁུང་ཧྥན་སེན་ཤིན་ཅང་ཐཱ་གྲོང་དུ་རྟོག་ཞིབ་གནང་བར་ཕེབས་པའི་ལམ་བར་དུ་རླངས་འཁོར་གྱི་ལས་འཛོལ་ཐོན་ནས་སྐུ་གཤེགས་པ་དང་སྐབས་དེ་དུས་ཁོང་དགུང་ལོ་50ལས་སླེབས་ཀྱི་མེད་པ་རེད།
“སྤོ་བོ་ཁུང་ལགས་སྐུ་གཤེགས་པས་མི་མང་པོ་སྡུག་བསྔལ་གྱིས་མནར། ཁུང་ཧྥན་སེན་གྱི་སྙིང་སྟོབས་རྒྱུན་འཛིན་བྱེད་པ་ནི་ངའི་འགན་འཁྲི་ཡིན”ཁུང་ཧྥན་སེན་གྱི་སྙིང་སྟོབས་དཔལ་འབར་བཞིན་ཆོས་དབྱིངས་ཀྱི་མདུན་སྐྱོད་ལམ་བུ་ཁྲ་ལམ་མེར་གསལ།
1997ལོར། ཁུང་ཧྥན་སེན་གྱི་བཀའ་དྲིན་སྙིང་བཅངས་དང་གུས་བཀུར་ཆེན་པོས་ཆོས་དབྱིངས་ཀྱིས་སེམས་ཐག་ཆོད་པོས་དམག་དཔུང་ནང་ཞུགས།
དུས་ཀྱི་མདའ་མོ་ཆུ་མོ་བཞིན་དུ་རྒྱུག་བཞིན། 1999ལོར་ཆོས་དབྱིངས་དམག་སྒར་ནས་སྤྱི་ཚོགས་ཐོག་བསྐྱོད་དེ་ལས་སྒྱུར་གྱིས་གསར་འགོད་པ་ཞིག་ཆགས། དམག་སྒར་ནས་དོན་ཏེ་སྨྱུ་གུ་དང་པར་ཆས་འཁྱེར་མཁན་ཞིག་ཏུ་གྱུར་ཡང་ཁོང་གི་ཐོག་མའི་བསམ་འདུན་རྩ་བ་ནས་འགྱུར་མེད།
འདས་ཟིན་པའི་གནས་ཚུལ་ཕྱིར་དྲན་བྱེད་སྐབས་ཆོས་དབྱིངས་ཀྱིས་ཁུང་ཧྥན་སེན་གྱི་ལྷད་མེད་བརྩེ་སེམས་དང་གཏོང་ཕོད་ཆེན་པོ་ལས། རང་ཉིད་ལ་འགན་འཁྲི་ཟབ་མོ་ལྡན་པའི་གསར་འགྱུར་ལས་དོན་པ་ཞིག་བྱེད་པའི་ལྕག་སྐུལ་ཆེན་པོ་ཐེབས་བྱུང་ཞེས་བཤད།