སྡེ་ཚན་མང་པོས་མཉམ་དུ་བསམ་འཆར་བཀྲམ་པ།
ཞིང་པ་ལས་མིའི་ཞབས་ཞུ་འགན་སྲུང་ལ་སྔར་བས་ཤུགས་སྣོན་རྒྱག་དགོས་པ།
ཉིན་ཤས་གོང་། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་དང་། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན། སློབ་གསོ་པུའུ་སོགས་སྡེ་ཚན་མང་པོས་མཉམ་དུ《ཞིང་པ་ལས་མིའི་ཞབས་ཞུ་འགན་སྲུང་ལས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར》བཀྲམ་ནས། ཞིང་པ་ལས་མི་སྤུས་ཚད་མཐོ་པོས་ལས་ཞུགས་གང་ལེགས་ཐུབ་རྒྱུར་སྔར་བས་སྐུལ་འདེད་བཏང་སྟེ་ཞིང་པ་ལས་མི་གྲོང་མིར་འགྱུར་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།
བསམ་འཆར་ནང་ཞིང་པ་ལས་མིའི་ལས་ཞུགས་བརྟན་པོ་དང་རྒྱ་ཆེར་གཏོང་བ་དང་། ཕྱིར་ལས་ཞུགས་དང་ས་ཆ་དེ་རང་དང་ཐག་ཉེ་སར་ལས་ཞུགས་གལ་ཆེ་མཉམ་འཛིན་མཐའ་འཁྱོངས་བྱས་ནས་བྱེད་ཐབས་སྣ་མང་སྤྱད་དེ་ཞིང་པ་ལས་མིའི་ལས་ཞུགས་ཐབས་ལམ་རྒྱ་ཆེར་གཏོང་དགོས། ལས་ས་དང་། དངུལ་རྩ། ཁྲལ་འབབ་སོགས་ཀྱི་སྲིད་ཇུས་ལེགས་སུ་བཏང་ནས་ཞིང་པ་ལས་མི་ཕ་ཡུལ་དུ་ལོག་སྟེ་ལས་གཏོད་བྱེད་པར་རྒྱབ་སྐྱོར་བྱེད་དགོས། ཞིང་པ་ལས་མིའི་ལས་འཚོལ་འདོད་མཐུན་དང་རྩལ་ནུས་གསོ་སྦྱོང་གི་དགོས་མཁོར་དམིགས་ནས། ལས་རིགས་ཁེ་ལས་དང་། སློབ་གླིང་དང་སློབ་གྲྭ སྤྱི་པའི་དངོས་སྦྱོང་རྟེན་གཞི་སོགས་ཀྱི་ནུས་པ་བཏོན་ཏེ་ཞིང་པ་ལས་མིའི་རྩལ་ནུས་མཐོར་གཏོང་ལ་ཤུགས་སྣོན་རྒྱག་དགོས། ལས་ཞུགས་རོགས་སྐྱོར་གྱི་ཕུགས་ཕན་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་དབུལ་སྒྲོལ་མི་འབོར་གྱི་ལས་ཞུགས་བརྟན་པོ་ཡོང་བ་བྱེད་དགོས་ལུགས་ཁ་གསལ་བཏོན་ཡོད།
བསམ་འཆར་ནང་། ཞིང་པ་ལས་མིའི་ངལ་རྩོལ་འགན་སྲུང་ཁེ་དབང་སྲུང་སྐྱོང་བྱས་ནས་ཁེ་ལས་ཀྱིས་ངལ་རྩོལ་གན་རྒྱ་དང་། ངལ་ནུས་མངགས་གཏོང་། ལས་ཞུགས་གསར་པའི་རྣམ་པའི་ངལ་རྩོལ་པའི་ཁེ་དབང་སྲུང་སྐྱོང་སོགས་ཀྱི་འབྲེལ་ཡོད་ལམ་ལུགས་བརྩི་སྲུང་བྱ་རྒྱུར་ལྟ་སྐུལ་བྱས་ནས་ཁེ་ལས་ཀྱི་ལས་མི་གླ་སྐུལ་དོ་དམ་ཚད་ལྡན་དུ་གཏོང་དགོས། གླ་ཆད་རྩ་བཅོས་ཀྱི་ཕུགས་ཕན་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས། ཞིང་པ་ལས་མིའི་གླ་ཆ་རྩོད་གླེང་མྱུར་གཅོད་ཐིང་དང་ཞིང་པ་ལས་མིའི་བཅའ་ཁྲིམས་རོགས་སྐྱོབ་ཀྱི“ཤར་གཏོང་བགྲོད་ལམ”སོགས་འཛུགས་པར་ཤུགས་སྣོན་བརྒྱབ་ནས་ཞིང་པ་ལས་མིའི་ངལ་རྩོལ་གླ་ཆ་སོགས་ཀྱི་ཁེ་དབང་ཁྲིམས་ལྟར་འགན་ལེན་བྱེད་དགོས། ཞིང་པ་ལས་མི་རྒན་གསོ་དང་། སྨན་བཅོས། ལས་ཤོར། ལས་རྨས་སོགས་ཀྱི་སྤྱི་ཚོགས་འགན་བཅོལ་ནང་ཞུགས་རྒྱུར་སྐུལ་འདེད་བཏང་ནས་དེའི་སྤྱི་ཚོགས་འགན་སྲུང་ཁེ་དབང་སྲུང་སྐྱོང་བྱེད་དགོས་པའི་ནན་བཤད་བྱས་ཡོད།
བསམ་འཆར་ནང་། གྲོང་ཁྱེར་དུ་ཡོང་མཁན་ཞིང་པ་ལས་མིས་གྲོང་ཁྱེར་དང་གྲོང་རྡལ་གྱི་གཞི་རྩའི་སྤྱི་པའི་ཞབས་ཞུ་ལོངས་སུ་སྤྱད་དེ་གྲོང་ཁྱེར་དང་གྲོང་རྡལ་དུ་གཞིས་ཆགས་ཚོད་འཛིན་བྱེད་ཚད་སྔར་བས་གློད་པ་དང་ལྷུག་ཏུ་བཏང་ནས། འདོད་མཐུན་ཡོད་པའི་གྲོང་ཁྱེར་དུ་ཡོང་མཁན་ཞིང་པ་ལས་མི་གྲོང་ཁྱེར་དང་གྲོང་རྡལ་དུ་གཞིས་ཆགས་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་ཆབས་ཅིག གྲོང་ཁྱེར་དུ་གཞིས་ཆགས་པའི་ཞིང་པ་ལས་མིའི་ཁྲིམས་མཐུན་ས་ཆའི་ཁེ་དབང་འགན་ལེན་ཡང་བྱེད་དགོས། གྲོང་མི་གསར་པ་གསོ་སྦྱོང་བྱས་ནས་མཉམ་སྤོས་བུ་ཕྲུག་གི་སློབ་གསོ་འགན་ལེན་དང་སྡོད་ཁང་འགན་ལེན་ལ་ཤུགས་སྣོན་བརྒྱབ་ནས། ཞིང་པ་ལས་མིར་ས་ཆ་དེ་རང་དང་ཐག་ཉེ་ས་ནས་གཞི་རྩའི་སྤྱི་པའི་ཞབས་ཞུ་ལོངས་སུ་སྤྱོད་རྒྱུར་སྐུལ་འདེད་བཏང་སྟེ་ཆ་རྐྱེན་དང་འཚམ་པའི་ཞིང་ལས་སྤོ་སྒྱུར་མི་འབོར་སྤྱི་ཚོགས་རོགས་སྐྱོབ་ཀྱི་ཁྱབ་ཁོངས་ནང་འཇུག་པ་དང་ཞིང་པ་ལས་མིར་གཅེས་སེམས་དང་སེམས་ཁུར་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས། ཞིང་པ་ལས་མི་གྲོང་ཁྱེར་ནང་མཉམ་འདྲེས་ཐུབ་རྒྱུར་སྐུལ་འདེད་བཏང་སྟེ་ཞིང་པ་ལས་མི་གྲོང་མིར་འགྱུར་བའི་སྤུས་ཚད་མཐོ་རུ་གཏོང་དགོས་ཞེས་བཏོན་ཡོད།