དུས་ཚིགས་དང་པོ་ནས་གསུམ་པའི་བར་གྲང་ཕྲེང་ཟོག་འགྲེམས་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་6.40ཟིན་པ།
དུས་མཚུངས་ལས་4.2%འཕར་བ།
ཀྲུང་གོ་ཟོག་འགྲེམས་དང་ཉོ་སྒྲུབ་མཉམ་འབྲེལ་ལྷན་ཚོགས་གྲང་ཕྲེང་ཟོག་འགྲེམས་ཆེད་ལས་ཨུ་ལྷན་གྱིས་བརྟག་དཔྱད་བྱས་པ་ལས་མངོན་པར། དུས་ཚིགས་དང་པོ་ནས་གསུམ་པའི་བར་གྲང་ཕྲེང་ཟོག་འགྲེམས་ལས་རིགས་ཀྱི་སྤྱིའི་དགོས་མཁོ་བརྟན་པོའི་ངང་ཆེ་རུ་ཕྱིན་པ་དང་ཁྲོམ་རའི་གཞི་ཁྱོན་རྒྱུན་མཐུད་ཆེ་རུ་ཕྱིན་ནས་གྲང་ཕྲེང་ཟོག་འགྲེམས་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་6.40ཟིན་པ་དེ་དུས་མཚུངས་ལས་4.2%འཕར་ཡོད། དེའི་ནང་དུས་ཚིགས་གསུམ་པར་4.5%འཕར་ནས་དུས་ཚིགས་གཉིས་པ་ལས་བརྒྱ་ཆའི་གྲངས་0.8མཐོ་རུ་ཕྱིན་ཡོད། གྲང་ཕྲེང་ཟོག་འགྲེམས་བསྡོམས་འབོར་སྒོར་དུང་ཕྱུར་4178ཟིན་པ་དེ་དུས་མཚུངས་ལས་3.6%འཕར་ཡོད་པ་རེད།
བརྟག་དཔྱད་བྱས་པ་ལས་མངོན་གསལ། དུས་ཚིགས་གསུམ་པ་ནས་བཟུང་ཞིང་ལས་ཐོན་རྫས་སོས་པ་འཛད་སྤྱོད་བྱེད་མང་བའི་དུས་སུ་སླེབས་ཤིང་། བཟའ་བཏུང་ལས་རིགས་སླར་གསོ་དང་ཐོན་རྫས་སོས་པའི་དྲ་ཐོག་ཚོང་དོན་གྱི་སྐུལ་འདེད་འོག་གྲང་ཕྲེང་ཟོག་འགྲེམས་ཀྱི་དགོས་མཁོ་བརྟན་པོའི་ངང་ཆེ་རུ་ཕྱིན་ཡོད། དུས་ཚིགས་དང་པོ་ནས་གསུམ་པའི་བར་བཟའ་བཏུང་ཡོང་འབབ་སྒོར་དུང་ཕྱུར་39415ཟིན་པ་དེ་དུས་མཚུངས་ལས་6.2%འཕར་བ་དང་། གྲོང་གསེབ་ཀྱི་དྲ་རྒྱའི་སིལ་ཚོང་དངུལ་འབོར་8.3%འཕར་བ་དང་ཞིང་ལས་ཐོན་རྫས་ཀྱི་དྲ་རྒྱའི་སིལ་ཚོང་དངུལ་འབོར་18.3%འཕར་ཡོད། དུས་ཚིགས་དང་པོ་ནས་གསུམ་པའི་བར་རྒྱལ་ཡོངས་ཀྱི་ཤིང་འབྲས་ཀྱི་དྲ་རྒྱའི་སིལ་ཚོང་དངུལ་འབོར་དུས་མཚུངས་ལས་11.94%འཕར་བ་དེའི་ནང་ཤིང་འབྲས་སོས་པའི་འཕར་ཚུལ་མངོན་གསལ་དོད་པས་འཕར་ཚད་18.23%ཟིན་ཡོད་པ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། གྲང་ཕྲེང་ཟོག་འགྲེམས་ཀྱི་དགོས་མཁོ་མགྱོགས་མྱུར་ཆེ་རུ་འགྲོ་བ་དང་འཚམ་ཆེད། རྒྱལ་ཁབ་ཀྱི་འབྲེལ་ཡོད་སྲིད་ཇུས་ཀྱི་རྒྱབ་སྐྱོར་འོག་གྲང་མཛོད་ཀྱིས་མཚོན་བྱེད་དུ་བྱས་པའི་གྲང་ཕྲེང་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་འདེད་བརྟན་པོ་བཏང་ནས་གྲང་མཛོད་འཛུགས་སྐྲུན་གྱི་མ་འཇོག་དངུལ་འབོར་རྒྱུན་མཐུད་ངང་འཕར་ཡོད། བསྡོམས་རྩིས་རགས་ཙམ་བརྒྱབ་པར་གཞིགས་ན། དུས་ཚིགས་དང་པོ་ནས་གསུམ་པའི་བར་གྲང་མཛོད་རྣམ་གྲངས་ལ་མ་དངུལ་སྒོར་དུང་ཕྱུར་365.07བཏང་བ་དེ་དུས་མཚུངས་ལས་7.53%འཕར་ཡོད། ཁེ་ལས་ཀྱིས་ནུས་རྒྱུ་གསར་པའི་གྲང་ཉར་རླངས་འཁོར་ཉོ་བའི་ཧུར་སེམས་ཆེ་རུ་ཕྱིན་ཞིང་། དུས་ཚིགས་དང་པོ་ནས་གསུམ་པའི་བར་ནུས་རྒྱུ་གསར་པའི་གྲང་ཉར་རླངས་འཁོར་ཕྱིར་ཚོང་བྱེད་ཚད་9257ཟིན་པ་དེ་དུས་མཚུངས་ལས་230.96%འཕར་བ་དང་ནུས་རྒྱུ་གསར་པའི་གྲང་ཉར་རླངས་འཁོར་ཁྱབ་ཚད་22.4%ཟིན་པ་དེ་དུས་མཚུངས་ལས་བརྒྱ་ཆའི་གྲངས་15.8འཕར་ཡོད། རིམ་པ་དང་པོའི་གྲོང་ཁྱེར་གྱི་ནུས་རྒྱུ་གསར་པའི་གྲང་ཉར་རླངས་འཁོར་གྱི་སྒྲིག་ཆས་གསར་བརྗེས་ཀྱི་བསྡུར་ཚད་50%ནས་60%བར་བཟུང་ཡོད་པ་རེད།