དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་མངོན་འགྱུར་ཡོང་བར་དམངས་འཚོ་ནི་གཙོ་བོ་ཡིན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-11-29

    འཕེལ་རྒྱས་ཁྲོད་དམངས་འཚོ་འགན་སྲུང་དང་ལེགས་སུ་གཏོང་རྒྱུ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ལས་འགན་གལ་ཆེན་ཞིག་རེད། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི《ཆོད་དོན》གྱི་ནང་དོན་ཁག་46ཐད་མི་དམངས་ཀྱི་སྐོར་གླེང་ཡོད། དེའི་ནང“མི་དམངས་མང་ཚོགས་ཀྱི་རེ་སྒུག་གསར་པར་ཁ་ཕྱོགས་པ”དང་། ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་གཏོང་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར“མི་དམངས་ཀྱི་འཚོ་བའི་སྤུས་ཚད་མཐོར་གཏོང་ལ་དམིགས་དགོས་པ”དང་། “སྤྱི་ཚོགས་དྲང་སྙོམས་དྲང་བདེན་ཡོང་བར་སྐུལ་འདེད་དང་། མི་དམངས་ཀྱི་བདེ་རྩ་ཆེ་རུ་གཏོང་རྒྱུ་དེ་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩི་བ”བཅས་བྱས་ནས། མི་དམངས་མང་ཚོགས་ཀྱི་དོ་སྣང་ཆེ་ཤོས་བྱེད་པ་དང་། མི་དམངས་མང་ཚོགས་དང་ཐད་ཀར་འབྲེལ་བ་ཆེ་ཤོས་ཡོད་པ། མི་དམངས་མང་ཚོགས་ལ་འཕྲལ་མཁོ་ཆེ་ཤོས་ཡིན་པ་བཅས་ཀྱི་ཁེ་ཕན་གྱི་གནད་དོན་ཐག་གཅོད་ཡག་པོ་བྱས་ཏེ། བདེ་སྐྱིད་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་འདོད་རྒྱུན་ཆད་མེད་པར་སྐོང་དགོས་པའི་ནན་བཤད་བྱས་ཡོད།

    དམངས་འཚོ་ནི་ཆབ་སྲིད་ཆེ་ཤོས་ཡིན་ཞིང་། རང་རེའི་ཏང་དང་སྲིད་གཞུང་གིས་ལས་དོན་ཐམས་ཅད་སྒྲུབ་པའི་འགོ་འཛུགས་ས་དང་དོན་ལ་བབས་ས་ནི་མི་དམངས་འཚོ་བ་ཡག་པོ་སྐྱེལ་དུ་འཇུག་རྒྱུ་དེ་རེད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་མི་འབོར་གྱི་གཞི་ཁྱོན་ཧ་ཅང་ཆེ་བའི་དེང་རབས་ཅན་ཡིན། མི་གྲངས་དུང་ཕྱུར་14ལྷག་ཙམ་གྱི་ལྟོ་ཆས་གནད་དོན་ཐག་གཅོད་བྱེད་པ་ཁོ་ན་ཡང་འགྲན་སློང་ཆུང་ཆུང་ཞིག་ག་ལ་ཡིན། ད་དུང་ལས་ཞུགས་དང་། བགོ་བཤའ། སློབ་གསོ། སྨན་བཅོས། སྡོད་ཁང་། རྒན་གསོ། བུ་བཅོལ་སོགས་ཀྱི་གནད་དོན་དག་ལས་བྱེ་བྲག་གང་ཞིག་ཐག་གཅོད་བྱེད་དགོས་ཀྱང་ལས་སླ་པོ་ཞིག་མིན་པར་དེ་དག་ལས་གནད་དོན་གང་ཞིག་དང་འབྲེལ་བ་ཡོད་པའི་མི་ཚོགས་ཀྱི་གྲངས་འབོར་ནི་མཁའ་དབྱིངས་ཀྱི་སྐར་ཚོགས་ལྟ་བུ་རེད། སྒྱུར་བཅོས་སྒོ་དབྱེ་བྱས་ཚུན། རང་རྒྱལ་གྱི་དམངས་འཚོའི་བྱ་གཞག་ཧ་ཅང་ལེགས་སུ་ཕྱིན་ཞིང་། མིའི་རིགས་ཀྱི་ལོ་རྒྱུས་ཐོག་གི་གཞི་ཁྱོན་ཆེ་ཤོས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་ལོ་ངོ་སྟོང་གི་ཕུགས་འདུན་ཡིན་པའི་འབྱོར་འབྲིང་མངོན་འགྱུར་བྱེད་པ་ནས་འཛམ་གླིང་ཐོག་གི་མྱུར་བགྲོད་ལྕགས་ལམ་དྲ་བ་ཆེ་ཤོས་དང་མྱུར་བགྲོད་གཞུང་ལམ་དྲ་བ་ཆེ་ཤོས་སྐྲུན་པའི་བར། དེ་རྗེས་ཀྱི་འཛམ་གླིང་ཐོག་གཞི་ཁྱོན་ཆེ་ཤོས་ཀྱི་སློབ་གསོའི་མ་ལག་དང་། སྤྱི་ཚོགས་འགན་སྲུང་མ་ལག སྨན་བཅོས་འཕྲོད་བསྟེན་མ་ལག་སྐྲུན་པའི་བར་བཅས་མི་དམངས་མང་ཚོགས་ཀྱི་བདེ་སྐྱིད་སྟོན་གྲངས་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ཡོད་པ་རེད།

    སྒྱུར་བཅོས་ནི་སྣེ་མང་རྙོག་འཛིང་ཆེ་བ་ཞིག་ཡིན། མཐར་གཏུགས་ནས་བརྗོད་ན་གཙོ་བོ“མི”ཞེས་པའི་ཡིག་འབྲུ་དེར་ཐུག་ཡོད། མི་དམངས་ཀྱིས་འཚོ་བ་ཡག་པོ་སྐྱེལ་ཐུབ་མིན་དང་མང་ཚོགས་ཀྱི་བློ་ལ་འབབ་མིན་ནི་ཐོག་མཐའ་བར་གསུམ་དུ་མི་དམངས་མང་ཚོགས་ཀྱིས་ང་ཚོའི་ལས་དོན་གནད་ལ་འཁེལ་མིན་ཤན་འབྱེད་པའི་ཚད་གཞི་འཇལ་བྱེད་ཅིག་ཡིན། ལས་ཞུགས་ནི་དམངས་འཚོའི་རྩ་བ་དང་། སློབ་གསོ་ནི་དམངས་འཚོའི་རྨང་གཞི། བགོ་བཤའ་ནི་དམངས་འཚོའི་འབྱུང་ཁུངས། སྤྱི་ཚོགས་འགན་སྲུང་ནི་དམངས་འཚོའི་རྟེན་གཞི། བརྟན་ལྷིང་ནི་དམངས་འཚོའི་བརྟེན་ས་བཅས་ཡིན། རིམ་ཁག་ཏང་ཨུད་དང་། སྲིད་གཞུང་། ཏང་ཡོན་ལས་བྱེད་པ་བཅས་ཀྱིས་མི་དམངས་མང་ཚོགས་ཀྱིས་དོ་སྣང་ཆེ་ཤོས་བྱེད་པ་དང་། མི་དམངས་མང་ཚོགས་དང་ཐད་ཀར་འབྲེལ་བ་ཆེ་ཤོས་ཡོད་པ། མི་དམངས་མང་ཚོགས་ལ་འཕྲལ་མཁོ་ཆེ་ཤོས་ཡིན་པ་བཅས་ཀྱི་ཁེ་ཕན་གྱི་གནད་དོན་ཐག་གཅོད་བྱ་རྒྱུ་དེ་ལས་དོན་ཁག་གི་གནས་བབ་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱས་ཏེ། ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་གཏོང་བའི་ཁྲོད་མི་དམངས་སྤྱི་ཡོངས་ཀྱི་ཁེ་ཕན་དང་། རྩ་བའི་ཁེ་ཕན། ཕུགས་ཀྱི་ཁེ་ཕན་བཅས་ལ་དམིགས་ནས། སྒྱུར་བཅོས་ཀྱི་བསམ་ཕྱོགས་དང་སྒྱུར་བཅོས་བྱ་ཐབས་བཟོ་བ་དང་། རྩིས་ཐོ་ཆེན་པོ་དང་། སྤྱི་རྩིས། ཕུགས་ཀྱི་རྩིས་ཁྲ་བཅས་བཟོ་མཁས་པོ་བྱེད་པ། མི་སེར་གྱིས་གང་ཞིག་ལ་སེམས་ཁུར་བྱེད་པ་དང་གང་ཞིག་རེ་སྒུག་བྱེད་བཞིན་ཡོད་ན། སྒྱུར་བཅོས་ཀྱིས་གང་ཞིག་དམ་འཛིན་དང་དེར་སྐུལ་འདེད་བཏང་སྟེ། སྒྱུར་བཅོས་བྱས་པ་བརྒྱུད། མི་དམངས་མང་ཚོགས་ལ་ཐོབ་སྣང་སྔར་བས་ཆེ་བ་ཡོང་བར་བྱེད་དགོས།

    དམངས་འཚོ་འགན་སྲུང་དང་ལེགས་སུ་གཏོང་བའི་ལས་དོན་ལ་ཚར་དུས་མེད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་ནས། ཐོག་མཐའ་བར་གསུམ་དུ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་དང་། དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་ལ་དམིགས་པ། དམངས་འཚོ་འགན་སྲུང་དང་ལེགས་གཏོང་གི་ལམ་ལུགས་དང་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། གང་ཐུབ་ཅི་ཐུབ་དང་འཁོས་དཔག་ལས་སྒྲུབ་མཐའ་འཁྱོངས་བྱེད་པ། གཞི་རྩའི་སྤྱི་པའི་ཞབས་ཞུའི་ལམ་ལུགས་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། ཀུན་ཕན་རང་བཞིན་དང་། རྨང་གཞིའི་རང་བཞིན། ཐ་སྐྱོང་རང་བཞིན་བཅས་ཀྱི་དམངས་འཚོ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། ཆུང་ས་ནས་འགོ་རྩོམ་པ་དང་། ཞིབ་ཕྲ་ནས་འགོ་རྩོམ་པ། “དམངས་འཚོའི་འདུ་འགོད་ཆེན་པོ་བཅུ”ལག་བསྟར་གཏིང་ཟབ་བཅས་བྱས་ཏེ། ནུས་ཤུགས་སྔར་བས་ཆེན་པོ་བཏོན་ནས་མི་སེར་གྱི་འཚོ་བ་ལས་ཀ་དང་འབྲེལ་བ་དམ་ཟབ་ཡོད་པའི་གནད་དོན་ཐག་གཅོད་བྱེད་དགོས་པ་དང་། ལས་ཞུགས་དང་ལས་གཏོད་བྱེད་རྒྱ་ཆེ་རུ་གཏོང་བ། མིའི་བྱང་ཚད་མཐོ་རུ་གཏོང་བ། བདེ་ཐང་གི་ཆུ་ཚད་མཐོ་རུ་གཏོང་བ། ཞིང་འབྲོག་མང་ཚོགས་ཀྱི་འབབ་འཕར་ལ་སྐུལ་འདེད་གཏོང་བ་བཅས་གཙོ་གནད་དུ་བཟུང་ནས་དམ་འཛིན་ཡག་པོ་བྱས་ཏེ། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་མང་ཚོགས་ཉེ་འགྲམ་གྱི་བྱ་བ་ཆུང་ཙག་དག་དོན་ཆེན་ལ་བརྩིས་ནས་དམ་འཛིན་བྱེད་དགོས། གཞི་ཆེའི་གྲངས་གཞི་ཆེན་པོ་དང་མྱོང་ཚོར་ཕྲ་མོའི་དབར་གྱི“ཁྱད་པར”གྱི་གནད་དོན་ཐག་གཅོད་ཡག་པོ་བྱས་ཏེ་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་ལས་མི་རིགས་ཁག་གི་མང་ཚོགས་ལ་ཕན་པ་དེ་བས་མང་བ་ཐོབ་པ་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།