ཆུ་གསུམ་རྫོང་བོད་སྐད་ཡིག་ལས་དོན་ཨུ་ལྷན་གཞུང་ལས་ཁང(རྩོམ་སྒྱུར་ཅུས)གིས།
སློབ་སྦྱོང་ལ་བརྟེན་ནས་ལས་ཀར་སྐུལ་འདེད་བཏང་སྟེ་ཡིག་སྒྱུར་ལས་དོན་པའི་ལས་སྒོའི་ཆུ་ཚད་མཐོ་རུ་བཏང་བ།
ཉིན་ཤས་གོང་། ཆུ་གསུམ་རྫོང་བོད་སྐད་ཡིག་ལས་དོན་ཨུ་ལྷན་གཞུང་ལས་ཁང(རྩོམ་སྒྱུར་ཅུས)གིས་རྫོང་ཡོངས་ཀྱི་ཤང(གྲོང་རྡལ)དང་། དགོན་སྡེ་དོ་དམ་ཨུ་ལྷན། རྫོང་ཐད་གཏོགས་ཚན་པ་ཁག་གཅིག་གི་ཡིག་སྒྱུར་ལས་དོན་གཅིག་ལྕོགས་པ་དང་གདན་ཞུས་བྱས་པའི་སྤྱི་ཚོགས་སྤྱོད་ཡིག་གི་འོས་འགན་ལྟ་སྐུལ་པ་སྒྲིག་འཛུགས་བྱས་ནས་ལས་སྒོའི་གསོ་སྦྱོང་བྱས་པ་རེད།
ད་ཐེངས་ཀྱི་གསོ་སྦྱོང་གི་ནང་དོན་ཕུན་སུམ་ཚོགས་ཤིང་གོ་ཆོད་པོ་ཡོད་པ་སྟེ། ཡིག་སྒྱུར་ལས་དོན་དང་སྤྱི་ཚོགས་སྤྱོད་ཡིག་གི་གལ་ཆེའི་རང་བཞིན་དང་། སྤྱིའི་བླང་བྱ་དང་དེ་བཞིན་ལས་དོན་བརྒྱུད་རིམ་བཅས་ལ་དམིགས་ཏེ་སྤེལ་ཡོད། གསོ་སྦྱོང་གིས་རྒྱུན་གཏན་གྱི་ལས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། ཞིབ་ཕྲའི་འགྱུར་དཔེ་རྨང་གཞིར་བྱས་ནས། ས་གནས་ས་ཐོག་ཏུ་ཡིག་སྒྱུར་དང་སྤེལ་རེས་མཛུབ་ཁྲིད་ཀྱི་བྱ་ཐབས་བརྒྱུད། ཐད་སྒྱུར་དང་། སྒྲ་སྒྱུར། དོན་སྒྱུར་བཅས་སྐབས་བསྟུན་སྤྱོད་ཚུལ་དང་། བསྣོན་སྒྱུར་དང་འཕྲི་སྒྱུར་སོགས་ཀྱི་སྒྱུར་ཐབས་སྐོར་གླེང་ཡོད་པ་རེད།
ཆུ་གསུམ་རྫོང་བོད་སྐད་ཡིག་ལས་དོན་ཨུ་ལྷན་གཞུང་ལས་ཁང(རྩོམ་སྒྱུར་ཅུས)གི་འབྲེལ་ཡོད་འགན་འཁུར་བས། ད་ཐེངས་ཀྱི་བྱེད་སྒོ་བརྒྱུད། ཆུ་གསུམ་རྫོང་གི་ཡིག་སྒྱུར་ལས་དོན་པའི་ལས་སྒོའི་ཆུ་ཚད་མཐོ་རུ་ཤུགས་ཆེན་ཕྱིན་པ་མ་ཟད། ཡིག་སྒྱུར་གྱི་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་རྨང་གཞི་བརྟན་པོ་འདིང་ཐུབ་ཡོད་ཅེས་བརྗོད་པ་རེད།