ཧྲན་ཏུང་ཞིང་ཆེན་གྱི་ཁག་དགུ་པའི་བོད་སྐྱོར་ལས་བྱེད་པ་ལི་ཧྲེང་ལི།
དངོས་སྒྲུབ་བྱས་ནས་བོད་སྐྱོར་གྱི“དྲི་བ་གསུམ”ལ་ལན་ཡག་པོ་བཏབ་པ།
“བོད་དུ་སྐྱོད་དོན་ཅི་ཡིན་ནམ། བོད་དུ་སྡོད་རིང་ཅི་ཞིག་སྒྲུབ་དགོས་སམ། བོད་ནས་ལོག་དུས་ཅི་ཞིག་འཇོག་དགོས་སམ”འདི་ནི་བོད་སྐྱོར་ལས་བྱེད་ཤེས་ལྡན་པ་ཚང་མའི་སེམས་ནང་གི་དྲི་བ་གསུམ་རེད།
ཧྲན་ཏུང་ཞིང་ཆེན་ཅི་ནན་གྲོང་ཁྱེར་གྱི་ཁག་དགུ་པའི་བོད་སྐྱོར་ལས་དོན་ཚོགས་ཆུང་གི་རུ་སྣེ་འཁྲིད་མཁན་སྐབས་དེའི་པ་སྣམ་རྫོང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ལི་ཧྲེང་ལིའི་ངོས་ནས་བརྗོད་ན། དྲི་བ་དེ་གསུམ་གྱི་དྲིས་ལན་ཚང་མ་དང་གཅིག་འདྲ་ཡིན་སྲིད་ལ་མིན་ཡང་སྲིད།
“བོད་དུ་སྐྱོད་དོན་ཅི་ཡིན་ནམ”ཞེ་ན་དེ་ནི་ཧ་ཅང་ཁ་གསལ་རེད། བོད་སྐྱོར་ནི་རྩ་འཛུགས་ཀྱིས་དཀྲིས་པའི་ཆབ་སྲིད་ཀྱི་ལས་འགན་རེད་ལ། བོད་རིགས་སྤུན་ཟླ་ཚོར་བྱ་བ་བཟང་པོ་གང་མང་མང་སྒྲུབ་ཆེད་ཀྱང་རེད།
“བོད་དུ་སྡོད་རིང་ཅི་ཞིག་སྒྲུབ་དགོས་སམ”ཞེ་ན་དེ་ནི་འཚོལ་ཞིབ་བྱེད་དགོས་པ་ཞིག་རེད། བརྟག་ཞིབ་ཐེངས་མང་བྱས་པ་བརྒྱུད། ཅི་ནན་གྱི་བོད་སྐྱོར་ལས་དོན་ཚོགས་ཆུང་གིས་བོད་སྐྱོར་ལས་དོན་དེ“‘གཞན་རྟེན’ནས‘རང་རྟེན’ཕྱོགས་སུ་སྒྱུར་བ་དང་། ཕྱོགས་རྐྱང་པའི་ཁ་གཏད་རོགས་སྐྱོར་ནས་ས་གནས་གཉིས་དབར་གྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་ཤུགས་སྣོན་རྒྱག་པའི་ཕྱོགས་སུ་སྒྱུར་བའི”ལས་དོན་གྱི་བསམ་ཕྱོགས་གཏན་འཁེལ་བྱས་པ་རེད།
“བོད་ནས་ལོག་དུས་ཅི་ཞིག་འཇོག་དགོས་སམ”ཞེ་ན་དེ་ནི་དུས་ཚོད་ཀྱི་ཞིབ་བཤེར་ཐེག་ཐུབ་པ་ཞིག་འཇོག་དགོས། ཉིན་མཚན་ཆིག་སྟོང་ལྷག་ཙམ་རིང་ལི་ཧྲེང་ལིས་ཅི་ནན་གྲོང་ཁྱེར་གྱི་བོད་སྐྱོར་ལས་བྱེད་པའི་རུ་སྣེ་ཁྲིད་དེ“པ་སྣམ་སྔོ་ཚལ”གྱི་སྤུས་རྟགས་ཀྱི་སྐད་གྲགས་ཆེ་རུ་བཏང་བ་དང་། གྲོང་གསེབ་དར་རྒྱས་གཏོང་བའི“པ་སྣམ་གྱི་དཔེ་དབྱིབས”འཚོལ་ཞིབ་བྱས་པ། ལས་དོན་ཁག་གནད་ལ་འཁེལ་པོས་ཁ་གཏད་སྦྲེལ་མཐུད་བཅས་བྱས་ནས་ས་གནས་གཉིས་ཀྱི་སྤེལ་རེས་མཉམ་ལས་རྒྱུན་ཆད་མེད་པར་ཟབ་ཏུ་བཏང་སྟེ། གྲུབ་འབྲས་དངོས་ཀྱི་ཐོག་ནས་རྒྱུགས་ལན་ཡག་པོ་ཞིག་ཕུལ་ཡོད།
པ་སྣམ་སྔོ་ཚལ་ནི་ཧྲན་ཏུང་གི་བོད་སྐྱོར་ལས་དོན་གྱི་གཙོ་གནད་ཐོན་ལས་ཤིག་རེད། ཅི་ནན་གྱི་ཁག་རིམ་བྱུང་གི་བོད་སྐྱོར་ལས་དོན་ཚོགས་ཆུང་གིས་བཏིང་བའི་རྨང་གཞི་བཟང་པོའི་ཐོག ལི་ཧྲེང་ལིས་བོད་སྐྱོར་ཚོགས་པའི་སྣེ་ཁྲིད་དེ་ཧྲན་ཏུང་ཞིང་ལས་ཚན་རིག་ཁང་གི་ཚོགས་པ་གདན་དྲངས་ནས《པ་སྣམ་རྫོང་གི་སྔོ་ཚལ་ཐོན་ལས་འཕེལ་རྒྱས་ཀྱི་ཆེད་དོན་འཆར་འགོད》བཟོས་པ་དང་སྦྲགས། མ་དངུལ་སྒོར་དུང་ཕྱུར་1.1བཏང་ནས་རིག་ནུས་སྟར་སྦྲེལ་དྲོད་ཁང་འཛུགས་སྐྲུན་དང་། ཤིང་འབྲས་དང་སྔོ་ཚལ་འདེབས་འཛུགས་ཁུལ་གཙོ་བོ་བསྐྲུན་པ། ཤིང་འབྲས་དང་སྔོ་ཚལ་སྤུས་ལེགས་ལས་སྣོན་དང་གྲང་ཕྲེང་ཟོག་འགྲེམས་སྡེབ་སྐྱེལ་སོགས་ཐོན་ལས་རྣམ་གྲངས་ལག་བསྟར་བཅས་བྱས་ནས། བོད་ཀྱི་རྒྱལ་ཁབ་རིམ་པའི་སྔོ་ཚལ་ཚད་ལྡན་ཅན་འདེབས་འཛུགས་དཔེ་སྟོན་ཁུལ་ཐོག་མ་དང་ཕྱིར་གཏོང་སྔོ་ཚལ་ཐོ་འགོད་རྟེན་གཞི་ཐོག་མ་གྲུབ་འབྲས་ཐོབ་པའི་ངང་བཏོད་དེ། ཇོ་རིའི་ཞིང་ལས་ཚན་རྩལ་གསར་གཏོད་དངོས་མང་སྟོན་ཚོགས་གླིང་དེ་A4རིམ་པའི་མཛེས་ལྗོངས་ཁུལ་དུ་རེ་ཞུ་བྱ་རྒྱུར་རམ་འདེགས་བྱས་པ་རེད།
ལོ་གསུམ་ནང་པ་སྣམ་སྔོ་ཚལ་གྱི་འདེབས་ཁྱོན་མུའུ་ཁྲི་1.55བར་རྒྱ་བསྐྱེད་དེ་ཐོན་འབབ་ཏུན་ཁྲི་6ལས་བརྒལ་བ་དང་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་1.8ལས་བརྒལ་བ་རེད། རྫོང་ཡོངས་ཀྱི་ཞིང་དུད་7000ལྷག་ཙམ་ནས་དུད་ཚང་1500ལྷག་དང་མི་ཁྲི་1ལྷག་སྔོ་ཚལ་ཐོན་ལས་ནང་ཞུགས་པར་དུད་ཚང་རེར་ལོ་རེར་ཆ་སྙོམས་འབབ་འཕར་སྒོར་3000ལྷག་ཙམ་བྱུང་བ་རེད།
ལི་ཧྲེང་ལིས་རྒྱལ་ཡོངས་གྲོང་གསེབ་དར་རྒྱས་ཀྱི“ཆི་ལུའུ་དཔེ་དབྱིབས”ཀྱི་འབྲེལ་ཡོད་ཉམས་མྱོང་ལ་ཞིབ་འཇུག་ནན་ཏན་བྱས་རྗེས“ཇུས་གཞི་གཅིག་བཟོ་བ་དང་། ཚད་གཞི་ཆ་ཚང་གཅིག་འདོན་པ། ལམ་སྲོལ་གཅིག་འཛུགས་པ། དཔེ་དབྱིབས་ཁག་གཅིག་གཏོད་པ”བཅས་ཀྱི“གཅིག་བཞིའི”འདུ་འགོད་གསར་གཏོད་ངང་བཏོན་ནས་གྲོང་གསེབ་དར་རྒྱས་ཀྱི“པ་སྣམ་དཔེ་དབྱིབས”བཏོད་པ་རེད།
སྔ་རྗེས་སུ《པ་སྣམ་རྫོང་གི་གྲོང་གསེབ་དར་རྒྱས་ལག་བསྟར་ཇུས་གཞིའི》འཆར་ཟིན་བཀོད་ནས་དཔེ་སྟོན་གྲོང་ཚོ་8བདམས་ཏེ། བོད་སྐྱོར་གྱི“ལོ་ལྔ་ཚན་བཅུ་བཞིའི”འཆར་འགོད་ནང་བཅུག་རྗེས་མ་དངུལ་སྒོར་ཁྲི་4000ལྷག་ཙམ་བཏང་ནས་དཔེ་དབྱིབས་གྲོང་ཚོའི་རྣམ་གྲངས་སྤེལ་འགོ་བཙུགས་པ་རེད།
བོད་སྐྱོར་མ་དངུལ་སྒོར་དུང་ཕྱུར་2.37མཐུན་སྦྱོར་བྱས་ནས་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་དང་། སྨན་བཅོས་འཕྲོད་བསྟེན། སློབ་གསོའི་བྱ་གཞག་སོགས་ཁྱབ་ཁོངས་དང་འབྲེལ་བའི་རྣམ་གྲངས་34དང་ཡན་ལག་རྣམ་གྲངས་107ལེགས་སྒྲུབ་བྱས་ཤིང་ལས་འགོ་ཚུགས་ཚད་དང་། ལས་མཇུག་འགྲིལ་ཚད། མ་དངུལ་གཏོང་སྤྲོད་བྱེད་ཚད་བཅས་ཚང་མ་100%ཟིན་ཡོད་པ་རེད།
ཐོན་སྐྱེད་བཟང་ལ་ཐོན་ལས་སྟོབས་ཆེན་དང་། སྐྱེ་ཁམས་བཟང་ལ་ཁོར་ཡུག་ལེགས་པ། འཚོ་བ་སྐྱིད་ལ་ཁྱིམ་གཞིས་ཡག་པ་བཅས་ཀྱི“བཟང་གསུམ”གྲོང་ཚོ་ཆར་རྗེས་ཀྱི་ཤ་མོ་ཇི་བཞིན་ཐོན་ནས་འཛམ་གླིང་གི་སྐྱེ་བོ་ཀུན་ལ་གྲོང་གསེབ་དར་རྒྱས་ཀྱི“པ་སྣམ་དཔེ་དབྱིབས”ཀྱི་འཛུགས་སྐྲུན་ཕན་འབྲས་མངོན་པ་རེད།
ལི་ཧྲེང་ལི་དང་བོད་སྐྱོར་ཚོགས་པས་ས་གནས་དེ་གའི་མང་ཚོགས་ལ་འཕེལ་རྒྱས་ཀྱི་འདུ་ཤེས་སྒྱུར་རོགས་དང་ཐོན་སྐྱེད་ལག་རྩལ་སློབ་རོགས་བྱས་ནས། ཅི་ནན་གྱི་བོད་སྐྱོར་ལས་དོན་གྱི“ཐོག་མ”མང་པོ་བཏོད་ཡོད་པ་སྟེ།
“ཏང་འཛུགས་བོད་སྐྱོར”གྱི་འདུ་ཤེས་ཐོག་མར་བཏོན་ནས་རྫོང་ཡོངས་ཀྱི་གཞི་རིམ་ཏང་རྩ་འཛུགས་ལ་ཁྱབ་པ་དང་རྫོང་ཡོངས་ཀྱི་ཏང་ཡོན་ཕན་ཚུན་སྦྲེལ་མཐུད་ཐུབ་པའི་ཆ་འཕྲིན་ཅན་གྱི་ལས་སྟེགས་123བསྐྲུན་ནས་ཧྲན་ཏུང་ཞིང་ཆེན་གྱི“ལམ་སྟོན་སྒྲོན་མེ——ཏང་འཛུགས་སྐྱོང་གི་དྲ་བའི”ལས་སྟེགས་དང་ཕན་ཚུན་སྦྲེལ་མཐུད་དང་ཐོན་ཁུངས་མཉམ་སྤྱོད་ཐུབ་པས། གྲོང་ཚོ་ཁག་དབར་རི་མཐོ་ལ་ལམ་ཐག་རིང་བ་དང་ཏང་རྩ་འཛུགས་ཁག་ཁ་ཐོར་དུ་གནས་པ་ལས་བྱུང་བའི་དོ་དམ་གྱི་དཀའ་གནད་ཐག་གཅོད་ནུས་ལྡན་ཐུབ་པ་རེད།
ཅི་ནན་དུ་མི་སྣ་མངགས་ནས་ཡུན་རིང་གནད་སྨིན་གསོ་སྦྱོང་ཐོག་མར་བྱས་པས་གསོ་སྦྱོང་དེ་རྟ་ཐོག་ནས་མེ་ཏོག་ལ་ལྟ་བ་ལྟ་བུ་ནས་དངོས་སྡོད་ཞིབ་འཇུག་བྱེད་པའི་བར་དང་། སྦྱོང་སྤྱོད་ལོགས་དབྱེ་ནས་སྦྱངས་འཕྲལ་སྤྱོད་པའི་བར། དུས་ཐུང་སྤེལ་རེས་ནས་ཡུན་རིང་མཉམ་ལས་བར་བཅས་སུ་འགྱུར་ལྡོག་ཕྱིན་ཡོད་པ་རེད།
པ་སྣམ་རྫོང་གི་སློབ་གྲྭར་ཡོད་མུས་ཀྱི་དགེ་སློབ་ལ་ནད་དུག་རང་བཞིན་གྱི་པགས་ནད་དང་། བྱིས་པའི་ལྷན་སྐྱེས་སྙིང་ནད། གཟི་ལོག་མིག་ཞན། སྐྱ་འགྲིབ་བརྟག་དཔྱད་བཅས“ཁྱོན་ཡོངས་ལ་ཁྱབ་པ་བཞི”ཐོག་མར་མངོན་འགྱུར་བྱུང་བ་རེད། པ་སྣམ་རྫོང་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་ལ་འཕྲོད་བསྟེན་ཁང་བཙུགས་ཚུན་གྱི་ལོ་60ལྷག་ཙམ་རིང་པགས་ནད་ཚན་ཁག་མེད་པའི་ཆེད་ལས་ཀྱི་སྟོང་ཆ་གསབ་རོགས་བྱས་པ་རེད།
བོད་སྐྱོར་གྱི་ལས་དོན་ཁག་ལེགས་གྲུབ་བྱུང་སྟེ་རང་གི་ལས་གནས་སུ་ལོག་ནས་ལོ་མང་པོ་སོང་ཡང་། ལི་ཧྲེང་ལིས། པ་སྣམ་གྱི་མི་དང་ལས་ཀ་རྟག་པར་ངའི་རྨི་ལམ་དུ་རྨིས་ཀྱི་འདུག ས་ཆ་དེ་ག་ངའི་མི་ཚེའི་དྲན་རྟེན་ཞིག་དང་མུ་མཐུད་མདུན་སྐྱོད་བྱེད་པའི་སྒུལ་ཤུཌ་ཤིག་ཏུ་གྱུར་ཡོད་ཅེས་བཤད།