བོད་ཀྱི་དགུན་དཔྱིད་ཞིང་ཁའི་ཆུ་བེད་དང་ཚད་གཞི་མཐོ་བའི་ཞིང་ཁ་སྐྲུན་པའི་ས་ཡུལ་དངོས་ཀྱི་སྐུལ་སྤེལ་ཚོགས་འདུ་གཞིས་རྩེ་གྲོང་ཁྱེར་དུ་འཚོགས་པ།
ཚེས་26ཉིན་ལྗོངས་ཡོངས་ཀྱི་དགུན་དཔྱིད་ཞིང་ཁའི་ཆུ་བེད་དང་ཚད་གཞི་མཐོ་བའི་ཞིང་ཁ་སྐྲུན་པའི་ས་ཡུལ་དངོས་ཀྱི་སྐུལ་སྤེལ་ཚོགས་འདུ་གཞིས་རྩེ་གྲོང་ཁྱེར་དུ་འཚོགས་པ་དང་། རང་སྐྱོང་ལྗོངས་སྲིད་གཞུང་གི་འགོ་ཁྲིད་གཙོ་བོས་འབྲེལ་ཡོད་ལས་དོན་ལ་ཆེད་མངགས་མཆན་འགོད་མཛུབ་སྟོན་གནང་བ་རེད། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཚེ་རིང་ཕུན་ཚོགས་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ་རེད།
ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཡུལ་བབ་དང་བསྟུན་པ་དང་། སྤུས་འབོར་གལ་ཆེ་མཉམ་དུ་འཛིན་པ། ཞིང་ཁ་སྐྲུན་པ་དང་གཡོག་བྱེད་མཐུན་སྦྱོར་བྱེད་པ། སྤྱི་འདོམས་སྐུལ་འདེད་གཏོང་བ་བཅས་མཐའ་འཁྱོངས་ཀྱིས། དམིགས་སའི་རང་བཞིན་ཡོད་པའི་སྒོ་ནས་ཞན་ཆ་སེལ་བ་དང་། ཉམས་ཞན་ལེགས་གཏོང་། ནུས་ཕྱོད་ཆེར་གཏོང་བཅས་བྱས་ཏེ་སྤྱི་འདོམས་བསམ་གཞིག་དང་། འཆར་འགོད་ནན་པོ། སྤུས་ཚད་ལ་སྣང་ཆེན། དོ་དམ་ཚོད་འཛིན་ནན་པོ། གནད་དོན་ཕྱོགས་སྟོན་དུ་འཛིན་པ། དག་ཐེར་ནན་པོ། ཆུ་བེད་སྔོན་སྤེལ། སྲོག་རྩ་དམ་འཛིན། རྒྱུན་རྣམ་ཕུགས་ཕན། ལམ་སྲོལ་ནན་འཛུགས། ཕྱོགས་ཁག་མཉམ་འགུལ། འགན་འཁྲི་ནན་གཏོང་བཅས་བྱས་ནས། ཡུག་གཅིག་བསྐྲུན་ནས་ཡུག་གཅིག་ཆགས་པ་དང་། ཡུག་གཅིག་ལ་དོ་དམ་ཡག་པོ་བྱས་ནས་ཡུག་གཅིག་ལ་ཕན་འབྲས་ཐོན་པར་བྱས་ཏེ། ཞིང་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་འགྲོ་བར་སྐུལ་འདེད་ནུས་ལྡན་གཏོང་དགོས།