རང་རྒྱལ་དུ་ནགས་ཚལ་ཁྱབ་ཚད་25%ལྷག་ཙམ་ཟིན་པ།
གོ་ལ་ཧྲིལ་པོའི་སྔོ་ལྗང་འཕར་མང་ཤོས་ཀྱི་རྒྱལ་ཁབ་ཏུ་གྱུར་པ།
གསར་འགོད་པར་ཀོང་ཤིས་ནན་ཉིང་དུ་འཚོགས་པའི་2024ལོའི་འཛམ་གླིང་ནགས་ཤིང་ལས་རིགས་ཚོགས་ཆེན་ཐོག་ནས་ཤེས་རྟོགས་བྱུང་བར། 2023ལོའི་ལོ་མཇུག་བར། རང་རྒྱལ་དུ་ནགས་ཚལ་ཁྱབ་ཚད་25%ལྷག་ཙམ་ཟིན་པ་དང་། ནགས་ཚལ་གསོག་ཚད་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་200ལྷག་ཙམ་ཟིན་པ། ལོར་ཐཱན་བསྡུ་ཚད་ཏུན་དུང་ཕྱུར་12ཡན་ཟིན་པ། མིས་བཟོས་ནགས་ཚལ་གྱི་རྒྱ་ཁྱོན་འཛམ་གླིང་གི་ཨང་དང་པོར་སླེབས་ཏེ་གོ་ལ་ཧྲིལ་པོའི་སྔོ་ལྗང་འཕར་མང་ཤོས་ཀྱི་རྒྱལ་ཁབ་ཅིག་ཏུ་གྱུར་ཡོད། རང་རྒྱལ་གྱི་ནགས་རྩྭའི་ཐོན་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་ཁྲི་9ལྷག་ཙམ་ཟིན་ནས། ཤིང་སྨྱུག་ལས་སྣོན་དང་། ནགས་ཐོན་བཟའ་བཅའ། ནགས་ཁྲོད་དཔལ་འབྱོར། སྐྱེ་ཁམས་ཡུལ་སྐོར་སོགས་ཀྱི་ལོའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་ཁྲི་ལས་བརྒལ་བའི་ཀ་རྟེན་ཐོན་ལས་4གྲུབ་སྟེ་གོ་ལ་ཧྲིལ་པོའི་ནགས་ཚལ་ཐོན་རྫས་གཙོ་བོའི་ཚོང་དོན་དང་། ཐོན་སྐྱེད། འཛད་སྤྱོད་བཅས་ཀྱི་རྒྱལ་ཁབ་ཆེ་ཤོས་སུ་གྱུར་ཡོད་པ་རེད།
ནགས་ཚལ་དང་རྩྭ་ཐང་ལ་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ཐད་རྨང་གཞིའི་རང་བཞིན་དང་འཐབ་ཇུས་རང་བཞིན་གྱི་ནུས་པ་ལྡན་ཡོད། ནགས་ཚལ་དང་རྩྭ་ཐང་མང་དུ་ཕྱིན་ཚེ་སྐྱེ་ཁམས་དར་རྒྱས་འགྲོ་སྲིད། མེས་རྒྱལ་སྔོ་ལྗང་ཅན་དུ་འགྱུར་བར་སྔོ་རྒྱ་ཆེར་གཏོང་དང་། སྔོ་ལྗང་མང་གཏོང་། སྔོ་ལྗང་སྲུང་སྐྱོང་བཅས་གལ་ཆེ་མཉམ་དུ་འཛིན་ནས། ནགས་ཚལ་གྱི“ཆུ་མཛོད་དང་། དངུལ་མཛོད། འབྲུ་མཛོད། ཐཱན་མཛོད”བཅས་མཉམ་འགུལ་དེ་བས་ལེགས་པ་བྱ་རྒྱུར་སྐུལ་འདེད་བཏང་སྟེ་སྐྱེ་ཁམས་ཀྱི་ཕན་འབྲས་དང་། དཔལ་འབྱོར་གྱི་ཕན་འབྲས། སྤྱི་ཚོགས་ཀྱི་ཕན་འབྲས་བཅས་ཕན་ཚུན་གཅིག་གྱུར་ཡོང་བར་བྱེད་དགོས།
ད་ཐེངས་ཚོགས་ཆེན་གྱི་བརྗོད་དོན་གཙོ་བོ་ནི“ནགས་ཤིང་སྔོ་ལྗང་ལས་རིགས། མཉམ་ལས་མཉམ་སྒྲུབ། ནགས་ཤིང་ལས་རིགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གསར་གཏོད་སྣེ་ཁྲིད་བྱེད”ཅེས་པ་དེ་ཡིན་ཞིང་། རྒྱལ་ཁབ་ཁག་གི་ནགས་ལས་སྡེ་ཚན་དང་། ནགས་ཤིང་ལས་རིགས་ཀྱི་རྒྱལ་སྤྱིའི་རྩ་འཛུགས། རྒྱལ་སྤྱིའི་གྲགས་ཅན་ཁེ་ལས་བཅས་ཀྱི་མི་སྣ་དང་། རིགས་གཅིག་མཁས་ཅན། མཁས་དབང་བཅས་ཚོགས་འདུར་ཞུགས་པ་དང་ཁེ་ལས་1100ཙམ་འབྲེལ་ཡོད་བྱེད་སྒོར་ཞུགས་ཡོད། ཚོགས་ཆེན་གྱི་མིང་རྟགས་འགོད་པའི་མཛད་སྒོར་གཙོ་གནད་ནགས་ལས་ཐོན་ལས་རྣམ་གྲངས་ཁྱོན་35ལ་གཅིག་སྡུད་ཐོག་གན་རྒྱ་བཞག་པ་དང་གན་འཇོག་དངུལ་འབོར་སྒོར་དུང་ཕྱུར་194ཟིན་ཡོད། རྒྱལ་ཁབ་ནགས་ཚལ་དང་རྩྭ་ཐང་ཅུས་ཀྱི་འགན་འཁུར་བས། འཛམ་གླིང་ནགས་ཤིང་ལས་རིགས་ཚོགས་ཆེན་གྱི་ལས་སྟེགས་གང་ལེགས་སྤྱད་ནས། སྤེལ་རེས་རྒྱ་ཁྱབ་དང་། མཉམ་ལས་གཏིང་ཟབ། ཐུན་མོང་ངོས་འཛིན་གཅིག་སྒྲིལ། ལག་གདང་སྦྲེལ་ནས་མཉམ་སྐྱོད་བཅས་བྱས་ཏེ་འཛམ་གླིང་ནགས་ཤིང་ལས་རིགས་འཕེལ་རྒྱས་ཀྱི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གསར་པ་ཐུན་མོང་ཐོག་གཏོད་རྒྱུ་ཡིན་ཞེས་བརྗོད།