“ཀྲུང་གོའི་ཁྲོམ་ར་ཆེན་པོ་འདི་འདྲ་ཞིག་ཡོད་པས་ང་ཚོའི་གདེང་ཚོད་སྔར་བས་ཆེ་རུ་ཕྱིན་སོང”
འདི་ནི་ཟླ་11ཚེས་5ཉིན་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་བདུན་པའི་སི་རི་ཡའི་རྒྱལ་ཁབ་འགྲེམས་ཁང་དུ་སི་རི་ཡའི་སྐྱུ་རུའི་ཚི་སྣུམ་མ་རྐང་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་དབྱི་ཡཱ་ཏེ(གཡོན་གྱི་དང་པོ)དང་ཀྲུང་གོ་ཕྱོགས་ཀྱི་མཉམ་ལས་རོགས་ཟླས་ཚོང་ཤག་དང་ལས་སྒོའི་སྐོར་ངོ་འཕྲད་གྲོས་མོལ་བྱེད་བཞིན་པ། འདི་ག་ཚགས་པར་གྱི་གསར་འགོད་པ་མོང་ཞང་ལིན་གྱིས་པར་བརྒྱབ།
འདི་ནི་སི་རི་ཡའི་ལཱ་ཐཱ་ཅི་ཡཱ་གྲོང་ཁྱེར་གྱི་མུའུ་ཀྲང་ལཱ་གྲོང་ཚོར་ཡུལ་དེའི་གྲོང་མིས་སྐྱུ་རུའི་ཤིང་འབྲས་འཐུ་བཞིན་པ། འདི་ག་ཚགས་པར་གྱི་གསར་འགོད་པ་ཤུའེ་ཏན་གྱིས་པར་བརྒྱབ།
སི་རི་ཡའི་ནུབ་བྱང་རྒྱུད་ཀྱི་ལཱ་ཐཱ་ཅི་ཡའི་གྲོང་འདབས་ཀྱི་རི་ངོས་སུ་སྐྱུ་རུ་ཤིང་གིས་ཁེངས་ཤིང་། རླུང་བུ་བསིལ་བསིལ་དུ་ལྡང་སྐབས་སྐྱུ་རུ་རའི་སྡོང་ལོ་གཡོ་བཞིན་མཆིས། ཟླ་10པའི་ཟླ་དཀྱིལ་ནས་བཟུང་འདི་གའི་སྐྱུ་རུ་རའི་འབྲས་བུ་བསྡུ་བའི་དུས་ཚིགས་ཤར་གྱི་ཡོད། ཉིན་15ཙམ་ནང་བསྡུ་ཐུབ་པ་བྱ་ཆེད་ས་གནས་དེ་གའི་འདེབས་འཛུགས་དུད་ཚང་ཧཱ་སང་གིས་མི་8གླས་ནས་བསྡུས་པའི་སྐྱུ་རུ་ར་དེ་དག་གིས་སྣུམ་བཙག་པ་དང་ཐུམ་སྒྲིལ་བརྒྱབ་རྗེས་ཀྲུང་གོར་འཚོང་གི་ཡོད། “ད་ལོའི་ཐོན་འབབ་ཡག་པོ་འདུག ཀྲུང་གོའི་ཁྲོམ་ར་ཆེན་པོ་འདི་འདྲ་ཞིག་ཡོད་པས་ང་ཚོའི་གདེང་ཚོད་སྔར་བས་ཆེ་རུ་ཕྱིན་སོང”ཞེས་ཧཱ་སང་གིས་བརྗོད།
ཀྲུང་གོར་བཅའ་སྡོད་སི་རི་ཡའི་གཞུང་ཚབ་ཆེ་མོ་ཁང་གི་གཞུང་ཚབ་པ་ཡཱ་མིན·མཱ་ཏིས་འདི་ག་ཚགས་པར་གྱི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས། སི་རི་ཡས་ཀྲུང་གོའི་ཁྲོམ་རའི་མདུན་ལྗོངས་ཡངས་པོར་ལྟ་སྟངས་ཡག་པོ་འཛིན་གྱི་ཡོད་ལ། ནང་འདྲེན་དངོས་མང་སྟོན་ཚོགས་ཀྱི་ལས་སྟེགས་གལ་ཆེན་དེ་སྤྱད་ནས་ཀྲུང་གོར་སྐྱུ་རུའི་ཚི་སྣུམ་ཕྱིར་གཏོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད། བཟའ་བཅའི་བཟོ་ལས་ནི་སི་རི་ཡའི་དཔལ་འབྱོར་གྱི་ཐོན་ལས་གཙོ་བོའི་གྲས་ཤིག་ཡིན་པས། སི་རི་ཡ་ཕྱོགས་ཀྱིས་གོ་སྐབས་དེ་དང་བསྟུན་ནས་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ། ཀྲུང་གོ་དང་ལག་གདང་སྦྲེལ་ནས་མཉམ་ལས་གཉིས་ཁེའི་གཏམ་རྒྱུད་སྔར་བས་མང་བ་རྩོམ་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་བརྗོད་པ་རེད།
“ང་ཚོའི་ཡོང་འབབ་བརྟན་དུ་ཕྱིན་པ་དང་འཚོ་བའང་ཡག་ཏུ་ཕྱིན་སོང”
སི་རི་ཡའི་སྐྱུ་རུ་ར་འདེབས་འཛུགས་ལ་ལོ་རྒྱུས་ཡུན་རིང་ལྡན་པ་དང་ཆེས་སྲོལ་རྒྱུན་གྱི་འདེབས་འཛུགས་དང་། སྔོག་འཐུ། ལས་སྣོན་བཅས་ཀྱི་བཟོ་རྩལ་སོར་འཇོག་བྱས་ཡོད། མིག་སྔར་སི་རི་ཡ་ནི་གོ་ལ་ཧྲིལ་པོའི་སྐྱུ་རུའི་ཚི་སྣུམ་ཐོན་སྐྱེད་རྒྱལ་ཁབ་ཆེ་གྲས་བཅུའི་གྲས་ཤིག་རེད། སི་རི་ཡའི་ཞིང་ལས་སྡེ་ཚན་གྱིས་སྔོན་དཔག་བྱས་ན། ད་ལོ་རྒྱལ་ཡོངས་ཀྱི་སྐྱུ་རུ་རའི་ཐོན་ཚད་ཏུན་ཁྲི་74ཙམ་ཟིན་རྒྱུ་དང་སྐྱུ་རུའི་ཚི་སྣུམ་ཐོན་ཚད་ཏུན་ཁྲི་9.4ཙམ་ཟིན་པའི་ནང་སྐྱུ་རུའི་ཚི་སྣུམ་ཏུན་ཁྲི་1ཕྱིར་གཏོང་བྱེད་ཐུབ་རྒྱུ་ཡིན་པ་རེད།
ཀྲུང་གོའི་ཁྲོམ་རའི་གོ་སྐབས་ལས་ས་གནས་དེ་གའི་འདེབས་འཛུགས་དུད་ཚང་གི་འཚོ་བར་དངོས་དངོས་རྗེན་རྗེན་གྱི་ཕན་པ་ཐོབ་ཅིང་། ཧཱ་སང་གིས་སྐྱུ་རུ་རའི་ཤིང་རྐང་250བཏབ་ཡོད་པ་དང་ན་ནིང་སྐྱུ་རུ་རའི་ཤིང་འབྲས་སྤྱི་རྒྱ་1500ཙམ་གྱིས་སྐྱུ་རུའི་ཚི་སྣུམ་སྤྱི་རྒྱ་425ཙམ་བཙག་པར་ཡོང་འབབ་སི་སྒོར་ཁྲི་3800(མི་དམངས་ཤོག་སྒོར་ཁྲི་2.1ཙམ)ཟིན་ཡོད། ས་གནས་དེ་གའི་ཞིང་པའི་ངོས་ནས་བརྗོད་ན་དེ་ནི་ཡོང་འབབ་མི་ཉུང་བ་ཞིག་རེད། “ལོ་དེ་དག་ནང་རང་ཁྱིམ་གྱི་སྐྱུ་རུ་རར་བརྟེན་ནས་ཡོང་འབབ་བརྟན་དུ་ཕྱིན་པ་དང་འཚོ་བའང་ཡག་ཏུ་ཕྱིན་སོང”ཧཱ་སང་དང་ཁོང་གི་ནང་མི་ཚོས་གྲོང་ཁྱེར་དུ་ཁང་པ་ཉོས་པ་མ་ཟད། ད་དུང་རླངས་འཁོར་ཆུང་ཆུང་ཞིག་ཀྱང་ཉོས་ཡོད། “ཀྲུང་གོའི་ཁྲོམ་རའི་དགོས་མཁོ་ཇེ་ཆེར་འགྲོ་བ་དང་བསྟུན་ནས་ང་ཚོའི་འཚོ་བ་ཡང་ཇེ་ཡག་ཏུ་འགྲོ་བཞིན་ཡོད”ཅེས་བརྗོད།
“ནང་འདྲེན་དངོས་མང་སྟོན་ཚོགས་ནི་སི་རི་ཡའི་སྐྱུ་རུའི་ཚི་སྣུམ་ཀྲུང་གོའི་ཁྲོམ་རར་ཕྱིར་ཚོང་བྱེད་པའི་ཐབས་ལམ་གལ་ཆེན་གྱི་གྲས་ཤིག་ཡིན”
2019ལོ་ནས་བཟུང་སི་རི་ཡའི་སྐྱུ་རུའི་ཚི་སྣུམ་མ་རྐང་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་དབྱི་ཡཱ་ཏེ་ནང་འདྲེན་དངོས་མང་སྟོན་ཚོགས་ལ་བསྟུད་མར་ཞུགས་ཤིང་། ཁོང་གིས་རང་ཉིད་ནང་འདྲེན་དངོས་མང་སྟོན་ཚོགས་ལ་ཐེངས་དང་པོ་ཞུགས་སྐབས་ཁྱེར་ཡོང་བའི་སྐྱུ་རུའི་ཚི་སྣུམ་ཚང་མ་མགྱོགས་མྱུར་བཙོངས་པའི་གནས་ཚུལ་རྣམས་གསལ་པོར་ངེས་ཀྱི་ཡོད། ལོ་ཤས་རིང་ཀྲུང་གོའི་ཀྲེ་ཅང་ཤིས་ལཱ་ཕྱིར་གཏོང་ནང་འདྲེན་ཚད་ཡོད་ཀུང་སི་དང་མཉམ་ལས་བྱས་པ་བརྒྱུད། སི་རི་ཡའི་སྐྱུ་རུའི་ཚི་སྣུམ་མ་རྐང་ཚད་ཡོད་ཀུང་སིས་ཀྲུང་གོར་ཚད་ལྡན་དོས་སྒམ་9ཡི་སྐྱུ་རུའི་ཚི་སྣུམ་ཕྱིར་གཏོང་བྱས་པར་ཕྱིར་ཚོང་དངུལ་འབོར་མི་དམངས་ཤོག་སྒོར་ཁྲི་1500ཙམ་ཟིན་ཡོད། ད་ལོའི་ལོ་སྟོད་དུ་ཀུང་སི་གཉིས་ཀྱིས་མུ་མཐུད་ལོ་ལྔའི་གན་རྒྱ་བཞག་པ་རེད།
“ནང་འདྲེན་དངོས་མང་སྟོན་ཚོགས་ནི་སི་རི་ཡའི་སྐྱུ་རུའི་ཚི་སྣུམ་ཀྲུང་གོའི་ཁྲོམ་རར་ཞུགས་པའི་ཐབས་ལམ་གལ་ཆེན་གྱི་གྲས་ཤིག་རེད” དབྱི་ཡཱ་ཏེས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས། “ནང་འདྲེན་དངོས་མང་སྟོན་ཚོགས་ལ་ཞུགས་པ་བརྒྱུད་སི་རི་ཡའི་སྐྱུ་རུའི་ཚི་སྣུམ་གྱི་སྐད་གྲགས་ཆོད་ཚད་ཆེ་རུ་ཕྱིན་པ་མ་ཟད། ཀྲུང་གོའི་མཉམ་ལས་རོགས་ཟླ་མང་པོ་ཞིག་ངོ་ཤེས་པ་དང་ཀྲུང་གོའི་ཁྲོམ་རར་ཤེས་རྟོགས་བྱེད་ཚད་ཀྱང་ཟབ་ཏུ་ཕྱིན་ནས། སྔར་བས་གནད་ལ་འཁེལ་པོས་འཛད་སྤྱོད་པའི་དགོས་མཁོ་སྐོང་ཐུབ་ཀྱི་ཡོད”ནང་འདྲེན་དངོས་མང་སྟོན་ཚོགས་དང་ཀྲུང་གོའི་ཚོང་ཤག་དང་ངོ་ཐུག་གདོང་འཕྲད་ཀྱིས་སྤེལ་རེས་བྱས་པ་བརྒྱུད། དབྱི་ཡཱ་ཏེས་ཐོན་ཟོག་ལེགས་སུ་བཏང་བ་དང་ཐུམ་སྒྲིལ་ཐོག་རྒྱ་ཡིག་སྤྱད་དེ་ཐོན་ཟོག་གི་ཆ་འཕྲིན་གསལ་པོར་བཀོད་པ་དང་འབྲེལ་འབུལ་རྟེན་སྒམ་ཇུས་འགོད་ཀྱང་བྱས་ཡོད།
ཀྲེ་ཅང་ཤིས་ལཱ་ཕྱིར་གཏོང་ནང་འདྲེན་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ཁྲེང་ཅུས་སུའུ་ཡིས་གསར་འགོད་པར།“སི་རི་ཡའི་སྐྱུ་རུ་རའི་ཐོན་འབབ་བརྟན་པ་དང་ཐོན་སྐྱེད་ཁུལ་མི་འདྲ་བའི་སྐྱུ་རུ་རའི་སྣ་ཁ་མི་འདྲ་བ་སོ་སོར་ཁྱད་ཆོས་ཡོད་ལ། བཙག་པའི་སྣུམ་གྱི་བྲོ་བ་ཧ་ཅང་ཆེན་པོའང་ཡོད། ནང་འདྲེན་དངོས་མང་སྟོན་ཚོགས་ཐོག་ང་ཚོའི་འགྲེམས་སྟེགས་ཀྱི་སྐྱུ་རུའི་ཚི་སྣུམ་གྱིས་འགྲེམས་ཞུགས་པ་མང་པོ་ཞིག་གི་ཡིད་དབང་བཀུག་ཡོད། ནང་འདྲེན་དངོས་མང་སྟོན་ཚོགས་ལས་ཀྲུང་གོའི་འཛད་སྤྱོད་པ་དང་ཁེ་ལས་དེ་བས་མང་བས་སི་རི་ཡའི་སྐྱུ་རུའི་ཚི་སྣུམ་ཤེས་རྟོགས་ཐུབ་ནས་ང་ཚོས་ཚོང་དོན་གཞི་ཁྱོན་རྒྱ་ཆེར་གཏོང་བ་དང་ཁྲོམ་རའི་ཐོབ་སྐལ་གསར་འབྱེད་བྱེད་པར་ལས་སྟེགས་གལ་ཆེན་ཞིག་བཏོད་ཡོད”ཅེས་བརྗོད།
“ཀྲུང་གོས་དར་རྒྱས་འགྲོ་འགོར་ཤོས་ཀྱི་རྒྱལ་ཁབ་ལ་དོ་ཁུར་བྱ་རྒྱུར་མཐོང་ཆེན་བྱས་པས་ཚང་མར་ཀྲུང་གོའི་ཁྲོམ་ར་ནས་ཕན་པ་ཐོབ་པ”
སི་རི་ཡ་ཚུད་པའི་དར་རྒྱས་འགྲོ་འགོར་ཤོས་ཀྱི་རྒྱལ་ཁབ་37རྒྱལ་ཁབ་ཀྱི་འགྲེམས་སྟོན་དང་ཁེ་ལས་ཀྱི་འགྲེམས་སྟོན་ལ་ཞུགས་རྒྱུར་རྒྱབ་སྐྱོར་དང་རིན་མེད་འགྲེམས་གནས་120ལྷག་ཙམ་མཁོ་འདོན་བྱས་ཡོད། ནང་འདྲེན་དངོས་མང་སྟོན་ཚོགས་ཀྱིས་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཀུན་ཕན་བསྟུན་མཁས་ཀྱི་དཔལ་འབྱོར་གོ་ལ་ཅན་ལ་སྐུལ་འདེད་གཏོང་བར་སྟོབས་ཤུགས་ལེགས་སྐྱེས་ཕུལ་ཡོད། ད་ལོ་ཡང་རྒྱལ་ཁབ་ཀྱི་འགྲེམས་སྟོན་ལ་སི་རི་ཡ་ཞུགས་ཐེངས་དང་པོ་དེ་རེད། ཡཱ་མིན·མཱ་ཏིས་ངོ་སྤྲོད་བྱས་པར་གཞིགས་ན། སི་རི་ཡའི་དཔལ་འབྱོར་དང་ཕྱི་ཕྱོགས་ཚོང་དོན་པུའུ་དང་ཡུལ་སྐོར་པུའུ་ཡིས་མཉམ་དུ་ཚོགས་པའི་སྣེ་ཁྲིད་དེ་འགྲེམས་སྟོན་ལ་ཞུགས་པ་དང་ཁོངས་མིའི་ཚན་པའི་ཁྲོད་བཟའ་བཅའ་དང་། མཛེས་རྫས། ཡུལ་སྐོར་སོགས་ཁྱབ་ཁོངས་ཀྱི་ཁེ་ལས་ཚུད་ཡོད་པ་རེད།
ཡཱ་མིན·མཱ་ཏིས“ནང་འདྲེན་དངོས་མང་སྟོན་ཚོགས་ནི་སི་རི་ཡའི་ཐོན་རྫས་རྒྱལ་སྤྱིའི་ཐོག་སྐད་གྲགས་ཆོད་ཚད་ཆེ་རུ་གཏོང་བ་དང་ཀྲུང་གོ་དང་མཉམ་ལས་ཀྱི་ཁྲོམ་ར་གསར་འབྱེད་བྱེད་པའི་ལས་སྟེགས་གལ་ཆེན་ཞིག་ཡིན་པས། སི་རི་ཡ་དང་ཀྲུང་གོའི་ཚོང་དོན་ལ་སྐུལ་འདེད་གཏོང་བར་ནུས་པ་གལ་ཆེན་བཏོན་ཡོད། ནང་འདྲེན་དངོས་མང་སྟོན་ཚོགས་ནི་ཀྲུང་གོས་འཛམ་གླིང་ལ་ཁ་ཕྱོགས་ནས་ཁྲོམ་རའི་སྒོ་མོ་རྒྱུན་མཐུད་ཕྱེ་བའི་ར་སྤྲོད་ནུས་ལྡན་ཞིག་རེད། ཀྲུང་གོས་དར་རྒྱས་འགྲོ་འགོར་ཤོས་ཀྱི་རྒྱལ་ཁབ་ལ་དོ་ཁུར་བྱ་རྒྱུར་མཐོང་ཆེན་བྱས་ནས་ཚང་མར་ཀྲུང་གོའི་ཁྲོམ་ར་ནས་ཕན་པ་བརྩོན་ལེན་གྱི་གོ་སྐབས་བསྐྲུན་ཏེ། ཐུན་མོང་ཐོག་འཕེལ་རྒྱས་ཡོང་བ་དང་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་ཧེ་བག་ཆུང་དུ་གཏོང་རྒྱུ་རེད”ཅེས་བརྗོད།