ཧུའུ་ནན་ཞིང་ཆེན་གྱི་ཁག་བདུན་པ་དང་བརྒྱད་པའི་བོད་སྐྱོར་ལས་བྱེད་པ་ཡུས་ཆན་ཀོང་གིས་བརྗོད་དོན།
ས་མཐོར་ལས་ཀ་བྱས་པ་དེ་ངའི་ངོས་ནས་བརྗོད་ན་ཆེས་རྩ་ཆེའི་ཉམས་མྱོང་ཞིག་ཡིན།
ལང་ཚོའི་དུས་སུ་འབད་འཐབ་བྱེད། ས་མཐོར་ལས་ཀ་བྱས་ནས་མཐའ་མཚམས་ཀྱི་འཕེལ་རྒྱས་ཆེད་རང་ཉིད་ཀྱི་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུ་ནི་ངའི་མི་ཚེའི་ཁྲོད་ཀྱི་ཆེས་རྩ་ཆེའི་ཉམས་མྱོང་ཞིག་རེད་འདུག ཧུའུ་ནན་ཞིང་ཆེན་གྱི་ཁག་བདུན་པ་དང་བརྒྱད་པའི་བོད་སྐྱོར་ལས་བྱེད་པ་ཡུས་ཆན་ཀོང་གིས་2013ལོ་ནས་2019ལོའི་བར་ལྷོ་ཁ་གྲོང་ཁྱེར་དུ་ལས་ཀ་བྱེད་རིང་གི་ཉམས་མྱོང་སྐོར་གླེང་སྐབས། ཁོང་གི་སྐད་ཆའི་ནང་ནས“ཧུའུ་ནན་དང་བོད་ཁྱིམ་ཚང་གཅིག་ལྟར་བརྩེ་བའི”བརྩེ་སེམས་ཟབ་མོ་གང་ལེགས་མངོན་གྱི་འདུག
བོད་སྐྱོར་ལོ་དྲུག་བྱེད་རིང་། ཡུས་ཆན་ཀོང་གིས་ལྷོ་ཁ་གྲོང་ཨུད་རྩ་འཛུགས་པུའི་པུའུ་ཀྲང་གཞོན་པའི་འགན་ཁུར་ནས་བོད་སྐྱོར་བྱེད་སྟངས་འཚོལ་ཞིབ་སྒོས་གསར་གཏོད་ཧུར་ཐག་བྱེད་པ་དང་། ཧུའུ་ནན་དང་བོད་དབར་གྱི་ལས་བྱེད་ཤེས་ལྡན་པའི་སྤེལ་རེས་མངགས་རེས་དང་གསོ་སྦྱོང་སྦྱོང་བརྡར་བྱ་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ། ལྷོ་ཁའི་ལས་བྱེད་པའི་ལྟ་སྐུལ་ལས་དོན་ལྗོངས་ཡོངས་ཀྱི་སྔོན་ཐོན་གྲས་སུ་སླེབས་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་པས། སྔ་རྗེས་སུ་བོད་རང་སྐྱོང་ལྗོངས་ཀྱི་ཕུལ་བྱུང་བོད་སྐྱོར་ལས་བྱེད་པའི་གཟི་བརྗིད་མཚན་སྙན་ཐེངས་གཉིས་ཐོབ་ཡོད་པ་རེད།
ལས་དོན་སྤེལ་རིང་། ཡུས་ཆན་ཀོང་གིས་ཐོག་མཐའ་བར་གསུམ་དུ་ལག་ལེན་ཁྲོད་འཇོན་ཐང་ཆེ་རུ་གཏོང་རྒྱུ་ཏང་རྩ་འཛུགས་ཀྱི་ལས་འགན་འཁུར་བའི་སྔོན་འགྲོའི་ཆ་རྐྱེན་དུ་བརྩིས་ནས། ཏང་དང་། རྒྱལ་ཁབ། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཀྱི་གནས་ཚུལ་སློབ་སྦྱོང་ཞིབ་འཇུག་ལ་ཤུགས་སྣོན་བརྒྱབ་སྟེ《བོད་སྐྱོར་ལས་དོན་གཙོ་བོ་དོན་འཁྱོལ་ལ་ཐུག་པ》སོགས་རྩོམ་ཡིག་ཁག་43བྲིས་པ་མ་ཟད། རིགས་པའི་གཞུང་ལུགས་ལག་ལེན་ནང་དོན་འཁྱོལ་བྱ་རྒྱུ་མཐའ་འཁྱོངས་ཀྱིས《ལྷོ་ཁ་གྲོང་ཨུད་རྩ་འཛུགས་པུའི་ལས་བྱེད་པའི་གདམ་གསེས་དང་བསྐོ་སྤྱོད་ལས་དོན་ཟིན་བྲིས་བཀོད་པའི་ལག་བསྟར་ཞིབ་སྲོལ》སོགས་ཀྱི་ལམ་ལུགས་སྣེ་ཁྲིད་དེ་བཟོས་ཡོད། 2016ལོར་ལྷོ་ཁས་ས་བསྒྱུར་གྲོང་འཛུགས་དང་རྫོང་དང་ཤང་གི་འགོ་ཁྲིད་ཚན་ཁག་མཉམ་སྡེབ་སྐབས་བརྗེར་གོང་གཏུག་ཞུ་མཁན་མེད་པ་དང་། ཐེར་འདོན་བྱེད་མཁན་མེད་པ། སྒྲིག་འགལ་བྱེད་མཁན་མེད་པ་བཅས་མངོན་འགྱུར་བྱུང་ཡོད།
ཡུས་ཆན་ཀོང་གིས་བོད་སྐྱོར་བྱེད་རིང་དབུལ་སྒྲོལ་འགག་སྒྲོལ་གྱི་འགག་རྩའི་དུས་དང་ཏག་ཏག་འཁེལ་ཞིང་། དེའི་རིང་ཁོང་གྲ་ནང་རྫོང་དུ་གྲོང་སྡོད་ལས་དོན་བྱས་ནས་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་དེ་མང་ཚོགས་དང་ཅི་འཕྲོས་མོལ་འཕྲོས་ཤོད་པ་དང་གྲོགས་པོ་བསྒྲིགས་པ་མ་ཟད། ཁོང་ཚོར་ཏང་གི་དམངས་ཕན་སྲིད་ཇུས་དྲིལ་བསྒྲགས་བྱས་པ་དང་། རང་གྲོན་བཏང་ནས་ལྷོ་ཁ་གྲོང་ཁྱེར་གྱི་མཐོ་རིམ་སློབ་འབྲིང་དང་པོའི་དམིགས་བསལ་དཀའ་ངལ་ཡོད་པའི་སློབ་མ་ཆོས་ཉིད་སྒྲོལ་མ་མཐོ་རིམ་སློབ་འབྲིང་ནས་སློབ་ཆེན་བར་བཏང་བ། རང་འགུལ་ངང་གྲ་ནང་རྫོང་གི་དུད་ཚང་དབུལ་པོ་བློ་བཟང་བཀྲ་ཤིས་དང་། རིག་འཛིན། ཚེ་རིང་ལྷུན་གྲུབ་བཅས་དང་གཉེན་ཉེ་བསྒྲིགས་ནས་ཁོང་ཚོར་དབུལ་སྒྲོལ་ཕྱུག་འགྱུར་ཡོང་བ་བྱས་པས་རྒྱ་བོད་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་བརྩེ་སེམས་ཟབ་མོ་ཆགས་ཡོད།
བོད་སྐྱོར་བྱེད་རིང་ཡུས་ཆན་ཀོང་གིས་སྦྲེལ་ཟམ་གྱི་ནུས་པ་གང་ལེགས་བཏོན་ཞིང་། ལོ་6རིང་ཧུའུ་ནན་དང་བོད་ཀྱི་ལྷོ་ཁ་ཕན་ཚུན་སྤེལ་རེས་དང་འཚམས་འདྲི་བྱེད་རེས་ཉིན་བཞིན་ཟབ་ཏུ་ཕྱིན་ནས་ཏང་སྲིད་འཐུས་མི་ཚོགས་པ་ཕན་ཚུན་འཚམས་འདྲི་དང་སྤེལ་རེས་ཐེངས་10སྔ་རྗེས་སུ་བྱས་པ་དང་འབྲེལ་ཡོད་ཐིང་དང་ཅུས་དང་། གྲོང་ཁྱེར་དང་ཀྲོའུ་རུ་ཁ་གཏད་རྟོག་ཞིབ་དང་སྤེལ་རེས་ཐེངས་187བྱས་ཡོད། ཡུས་ཆན་ཀོང་གིས་ས་གནས་གཉིས་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་ཆ་འགྲིག་མཉམ་གཏོད་བྱེད་སྟངས་གསར་པ་འཚོལ་ཞིབ་ཧུར་ཐག་བྱས་ཏེ་བོད་སྐྱོར་བྱེད་སྟངས་གསར་གཏོད་བྱེད་པ་དང་། བོད་སྐྱོར་ནུས་པ་ཆེ་རུ་གཏོང་བ། བོད་སྐྱོར་ནང་དོན་གཏིང་ཟབ་ཏུ་གཏོང་བ་བཅས་ཀྱི་ཐད་འཚོལ་ཞིབ་ཧུར་ཐག་བྱས་པས། ཁྲང་ཧྲ་གྲོང་ཁྱེར་གྱི་སློབ་འབྲིང་དང་པོ་དང་ལྷོ་ཁ་གྲོང་ཁྱེར་གྱི་མཐོ་རིམ་སློབ་འབྲིང་གསུམ་པའི་དབར་ཆ་འགྲིག་མཉམ་གཏོད་ལེགས་གྲུབ་བྱུང་བ་དང་། གཡོད་དབྱང་ཕིང་ཅང་རྫོང་གི་སན་དབྱང་ཤང་དང་ལྷོ་ཁ་ཟངས་རི་རྫོང་རོང་ཤང་གི་གཞི་རིམ་ཏང་འཛུགས་སྐྱོང་དང་ཆ་འགྲིག་མཉམ་གཏོད་ལེགས་གྲུབ་བྱུང་ནས་ཧུའུ་ནན་དང་བོད་ས་གནས་གཉིས་དབར་སྤེལ་རེས་དང་། འགྲོ་འོང་། མཉམ་འདྲེས་བཅས་སྔར་བས་ཟབ་ཏུ་ཕྱིན་ཡོད།
ལྷོ་ཁའི་དགོས་མཁོར་གཞིས་འཛུགས་པ་དང་ཧུའུ་ནན་གྱི་དགེ་མཚན་ལ་བརྟེན་ནས་དེ་བས་ནུས་ལྡན་གྱི་རིག་སྟོབས་འདེགས་སྐྱོར་གཅིག་ཏུ་བསྒྲིལ་རྒྱུ་ནི་སྤུས་ཚད་མཐོ་པོས་བོད་སྐྱོར་ལས་དོན་སྤེལ་བའི་འགག་གནད་ཅིག་རེད། ཡུས་ཆན་ཀོང་གིས་རྩ་འཛུགས་སྡེ་ཚན་གྱི་ལེགས་ཆ་གང་ལེགས་སྤྱད་དེ། རང་འགུལ་ངང་ས་གནས་གཉིས་ཀྱི་མི་སྤྱི་དང་། སློབ་གསོ། འཕྲོད་བསྟེན་བདེ་ཐང་སོགས་སྡེ་ཚན་དང་སྤེལ་རེས་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་བཏང་ཞིང་། ལོ་6རིང་ཁག་6གི་ཆེད་ལས་ལག་རྩལ་ཤེས་ལྡན་པ་298སྔ་རྗེས་སུ་བཏང་ནས་བོད་སྐྱོར་ལས་དོན་སྤེལ་ཏེ་རོགས་ཁྲིད་བྱས་ནས་ལྷོ་ཁའི་ཡུལ་དེ་རང་གི་ཤེས་ལྡན་པ་མི་ཐེངས་2700གསོ་སྐྱོང་བྱས་ཡོད། དེ་དང་ཆབས་ཅིག་ཁོང་གིས་སྦྲེལ་ཟམ་ཧུར་ཐག་བཙུགས་ནས་བོད་སྐྱོར་ལས་བྱེད་པ་12སྔ་རྗེས་སུ་ཧུའུ་ནན་དུ་གནས་སྦྱར་སྦྱོང་བརྡར་བྱེད་པར་བཀོད་སྒྲིག་བྱས་པ་དང་། ལྷོ་ཁའི་རིགས་གཅིག་མཁས་ཅན་35ཧུའུ་ནན་དུ་ཟབ་སྦྱོང་བྱེད་པར་མཐུན་སྦྱོར་བྱས་པ། ཧུའུ་ནན་དུ་ལྷོ་ཁའི་ལས་བྱེད་ཤེས་ལྡན་པར་གསོ་སྦྱོང་འཛིན་གྲྭ་དུས་ཐེངས་35སྤེལ་ནས་མི་ཐེངས་719ལ་གསོ་སྦྱོང་བྱས་ཏེ་ཧུའུ་ནན་དང་བོད་ས་གནས་གཉིས་དབར་གྱི་སྡེ་ཚན་དང་། ཁོངས་གཏོགས། ལས་རིགས་བཅས་ཁག་དབར་མི་ཐེངས་1980སྤེལ་རེས་སློབ་སྦྱོང་ཐུབ་ཡོད།
ཧུའུ་ནན་བོད་སྐྱོར་ལས་དོན་རུ་ཁག་གི་རུ་སྣེ་འཁྲིད་མཁན་གཞོན་པ་ཡུས་ཆན་ཀོང་གིས་ལས་དོན་རུ་ཁག་གི“ནང་ངོས་དོ་དམ”གྱི་ལས་དོན་ཡག་པོ་བསྒྲུབས་ནས་ཧུའུ་ནན་གྱི་བོད་སྐྱོར་ལས་བྱེད་ཤེས་ལྡན་པའི“ནན་འགོག་དགུའི”གཏན་འབེབས་བཟོས་ནས་བཏོན་ཏེ་ལས་ཀ་ནན་ཏན་བསྒྲུབས་པ་དང་། དངོས་ཡོད་གྲུབ་འབྲས་མངོན་གསལ་དོད་པ། སྒྲིག་ཁྲིམས་བརྩི་སྲུང་ཞུ་མཁན་བཅས་ཀྱི་རུ་མིར་གཟེངས་བསྟོད་བྱ་དགའ་སྤྲད་པ་དང་། ངལ་བར་སྐྲག་པའི་བསམ་བློ་སྐྱེ་བའམ་ཡང་ན་བསམ་བློ་ལྷོད་གཡེང་དུ་སོང་རིགས་ཀྱི་རུ་མི་ཁག་གཅིག་ལ་དུས་ཐོག་ཏུ་སྐྱོན་བརྗོད་སློབ་གསོ་བརྒྱབ་པས། བོད་སྐྱོར་ལས་དོན་རུ་ཁག་2018ལོར་ཧུའུ་ནན་ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་ཤེས་དཔལ་ཚན་པར་བདམས་པ་དང་། 2019ལོར་ཧུའུ་ནན་ཞིང་ཆེན་གྱི་ལྔ་གཅིག་ངལ་རྩོལ་བྱ་དགའ་རག་ཡོད།
(བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང)