དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྕགས་ཟམ་ཁའི་རྒྱལ་རོང་རྒྱལ་མོ་རྔུལ་ཆུའི་ཤིང་ཁང་ཟམ་ཆེན་ལ“ཁྲོན་བོད་ཀྱི་ཟམ་པ་དང་པོ”ཞེས་གྲགས་པ།

    ཟམ་ཆེན་སྟེང་ནས་འཕེལ་རྒྱས་ལ་རྒྱང་ལྟ་བྱེད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-11-28

    བོད་ལྗོངས་ཉིན་རེའི་ཚགས་པར་དང་སི་ཁྲོན་ཉིན་རེའི་ཚགས་པར་གྱི་ཁྲོན་བོད་ལམ་ཐིག་མཉམ་འབྲེལ་འཕྲིན་སྤེལ་ཚོགས་ཆུང་གིས།

    འདི་ནི་ལྕགས་ཟམ་ཁའི་རྒྱལ་རོང་རྒྱལ་མོ་རྔུལ་ཆུའི་ཤིང་ཁང་ཟམ་ཆེན་ཡིན་པ།

    “རླངས་འཁོར་ཤར་གཏོང་ཐུབ་པའི་མཛད་སྒོར་ཞུགས་སྐབས། འགན་འཁྲི་ཁུར་སེམས་དང་སྤོབས་སེམས་ཆེན་པོ་ཞིག་རང་ཤུགས་སུ་སྐྱེས་བྱུང”ཞེས་གཡག་རྔ་ནས་དར་རྩེ་མདོ(ལྕགས་ཟམ་ཁ་ནས་ཧྲི་མན)བར་གྱི་མྱུར་བགྲོད་གཞུང་ལམ་ཚད་ཡོད་འགན་འཁྲི་ཀུང་སིའི་ཏང་ཨུད་ཀྱི་ཨུ་ཡོན་དང་སྤྱི་ཁྱབ་ཅིང་ལི་གཞོན་པ་ལི་ཧྲེ་ཅ་ཡིས་2018ལོའི་ལོ་མཇུག་ཏུ་ལྕགས་ཟམ་ཁའི་རྒྱལ་རོང་རྒྱལ་མོ་རྔུལ་ཆུའི་ཤིང་ཁང་ཟམ་ཆེན(གཤམ་ལ་ཤིང་ཁང་ཟམ་ཆེན་ཞེས་བསྡུ་རྒྱུ)བསྐྲུན་ནས་རླངས་འཁོར་ཤར་གཏོང་ཐུབ་པའི་གནས་ཚུལ་ལ་ཕྱིར་དྲན་བྱེད་བཞིན་དེ་ལྟར་བརྗོད།

    ཟླ་8པའི་ཟླ་མཇུག་ཏུ་བཅར་འདྲི་ཚོགས་ཆུང་དང་བཅས་པ་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་ལྕགས་ཟམ་ཁ་རྫོང་ལྕགས་ཟམ་ཁ་གྲོང་རྡལ་རྩ་གླིང་གྲོང་ཚོར་འབྱོར་ཞིང་། གཡག་དར་མྱུར་བགྲོད(གཡག་རྔ་ནས་དར་རྩེ་མདོ་བར)གཞུང་ལམ་དེ་ཨེར་ལང་རི་བོ་འཕྲེད་དུ་བརྒལ་བ་དང་། ཁ་ཞེང་ཆེ་བའི་རྒྱལ་རོང་རྒྱལ་མོ་རྔུལ་ཆུའི་སྟེང་ཤིང་ཁང་ཟམ་ཆེན་དེ་འབྲུག་ཆེན་ཞིག་དང་འདྲ་བར་ངོགས་གཉིས་སྦྲེལ་ནས་དར་རྩེ་མདོར་ཤར་བགྲོད་ཐུབ་པས་བརྗིད་ཆགས་ཤིང་ཡིད་དུ་འོང་བ་ཞིག་སྣང་།

    གཡག་རྔ་ནས་དར་རྩེ་མདོ་བར་གྱི་མྱུར་བགྲོད་གཞུང་ལམ་ནི་ཁྲེང་ཏུའི་ཐང་གཤོངས་ནས་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་དང་སྦྲེལ་མཐུད་ཐུབ་སྟེ་བོད་དུ་སྐྱོད་སའི་བགྲོད་ལམ་གལ་ཆེན་ཞིག་ཡིན་ལ། རྒྱལ་ཁབ་ཀྱི་མྱུར་བགྲོད་གཞུང་ལམ་དྲ་བ་སི་ཁྲོན་གཡག་རྔ་ནས་བོད་བརྒྱུད་དེ་ཤིན་ཅང་ཡེ་ཁྲེང་བར་གྱི་གྲུབ་ཆ་གལ་ཆེན་ཞིག་ཀྱང་ཡིན་པས་ཤིང་ཁང་ཟམ་ཆེན་ལའང“ཁྲོན་བོད་ཀྱི་ཟམ་པ་དང་པོ”ཞེས་སུ་གྲགས། ཟམ་ཆེན་དེ་ནི་གཡག་རྔ་ནས་དར་རྩེ་མདོ་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་ཚོད་འཛིན་རང་བཞིན་གྱི་ལས་གྲྭའི་གྲས་ཤིག་ཡིན་པ་དང་ཟམ་ཆེན་གྱི་སྤྱིའི་རིང་ཚད་ལ་སྨི་1411དང་ཟམ་པ་གཙོ་བོའི་རིང་ཚད་ལ་སྨི་1100ཡོད། འཛུགས་སྐྲུན་དུས་ཡུན་ལོ་4འགོར་བ་དེ་ནི་ས་ཁོངས་བརྒལ་བའི་ལྕགས་གདུང་གི་འབྲེང་ཟམ་ཆེན་པོ་ཞིག་རེད། “ཨང་དང་པོ”2དང“ཐེངས་དང་པོ”5ཐོབ་པའི་རིམ་འདས་ལས་གྲྭ་དེར་2019ལོར་ཟམ་པའི་ལས་རིགས་ཀྱི“ནོ་པེར་བྱ་དགར”གྲགས་པའི“ཀུ་སི་ཐ་ཧྥུའུ·ལིན་ཏེ་སར”གྱི་གསེར་གྱི་བྱ་དགའ་ཐོབ་པ་དང་འབྲེལ། 2019ལོར་འགྲེམས་སྤེལ་བྱས་པའི་ཁྲོན་བོད་དང་མཚོ་བོད་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ནས་ལོ་65འཁོར་བའི་དྲན་གསོའི་སྦྲག་འཛིན་ཐོག་ཏུའང་བཀོད་ཡོད།

    ལི་ཧྲི་ཅ་ཡིས་ངོ་སྤྲོད་བྱས་དོན། ས་བབ་མཐོ་བ་དང་། ས་ཡོམ་རྒྱག་ཤུགས་ཆེ་བ། རྙོག་འཛིང་ཆེ་བའི་རླུང་ར་བཅས་ཀྱི་ཁོར་ཡུག་འོག་བསྐྲུན་པའི་དབང་གིས་ཤིང་ཁང་ཟམ་ཆེན་འཛུགས་སྐྲུན་བྱེད་པར་དཀའ་གནད་ཧ་ཅང་ཆེན་པོ་འཕྲད་པ་མ་ཟད། འཛུགས་སྐྲུན་པ་ཚོར“ས་དབྱིབས་དང་ས་གཤིས་ཧ་ཅང་རྙོག་འཛིང་ཆེ་བ་དང་། སྐྱེ་ཁམས་ཁོར་ཡུག་ཧ་ཅང་ཞན་པ། གནམ་གཤིས་ཧ་ཅང་ཞན་པ། ཨར་ལས་བྱེད་དཀའ་བ”བཅས་ཀྱི་འགྲན་སློང་ཡང་འཕྲད་ཡོད།

    ལི་ཧྲི་ཅ་ཡིས“འཛམ་གླིང་རིམ་པའི་དཀའ་གནད་དེ་དག་ཐག་གཅོད་བྱས་ནས། ཤིང་ཁང་ཟམ་ཆེན་འཛུགས་སྐྲུན་དང་ཤར་བགྲོད་ཀྱི་སྤུས་ཚད་འགན་ལེན་བྱ་ཆེད། འཛུགས་སྐྲུན་པ་ཚོས‘ལམ་གཉིས’ཀྱི་སྙིང་སྟོབས་དར་སྤེལ་བཏང་སྟེ་ཧུར་ཐག་འབད་ཐག་གིས་གསར་གཏོད་མང་པོ་བྱས་ཡོད”དཔེར་ན། ཡོམ་ཤུགས་ཆེ་བའི་ཁུལ་དུ་མཚམས་བརྒལ་ཟམ་པ་ཆེན་པོའི་ཡོམ་འགོག་གནད་དོན་ཐག་གཅོད་བྱེད་སྐབས། བློ་ཁོག་ཆེན་པོས་སྲོལ་རྒྱུན་གྱི་འདུ་ཤེས་གསར་བརྗེས་བྱས་ནས་ཟམ་སྒྲོམ་དང་ཟམ་གདུང་སོགས་ཀྱི་ལྷུ་ཚིགས་ཚང་མར་འགག་རྩའི་ལག་རྩལ་གསར་གཏོད་བྱས་ཡོད་ཅེས་བརྗོད།

    གཡག་རྔ་ནས་དར་རྩེ་མདོ་བར་གྱི་མྱུར་བགྲོད་གཞུང་ལམ་བསྐྲུན་ཏེ་རླངས་འཁོར་ཤར་གཏོང་ཐུབ་རྗེས་ཁྲེང་ཏུའི་གྲོང་བསྐོར་མྱུར་བགྲོད་གཞུང་ལམ་ནས་ཐོན་ཏེ་ཆུ་ཚོད་3དང་སྐར་མ་5ཡི་ནང་དར་རྩེ་མདོ་གྲོང་ཁྱེར་དུ་འབྱོར་གྱི་ཡོད་པས། སྔོན་ཆད་ལས་ཆུ་ཚོད་ཕྱེད་ཀ་ཙམ་ཐུང་དུ་ཕྱིན་ནས་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་ཡི་འགྲིམ་འགྲུལ་ཆ་རྐྱེན་ཧ་ཅང་ལེགས་སུ་ཕྱིན་པ་དང་ས་གནས་དེ་གའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་ཐེབས་ཡོད།

    “2018ལོའི་གོང་། མི་སེར་ཚོས་ས་ཞིང་བཏབ་ནས་འཚོ་ཐབས་བྱེད་ཀྱི་ཡོད་མོད། འོན་ཀྱང་ལམ་ཡག་པོ་མེད་པ་དང་ལྷག་པར་དུ་དབྱར་དུས་རྟག་ཏུ་ཆར་པ་བབས་ཏེ་རི་ཉིལ་ནས་འགྲོ་ལམ་འགག་གི་ཡོད་པས། ཞིང་ལས་ཐོན་ཟོག་ཕྱིར་འདྲེན་པར་དཀའ་ངལ་ཆེན་པོ་འཕྲད་ཀྱི་འདུག”ཅེས་རྩ་གླིང་གྲོང་ཚོའི་ཏང་སྤྱི་ཁྱབ་ཀྲི་པུའི་ཧྲུའུ་ཅི་ཏུའུ་ཡུང་ཁྲང་གིས་གསར་འགོད་པར་བརྗོད་པ་དང་། ཁོང་གིས། ད་ཆ་ལམ་ཡག་ཏུ་ཕྱིན་པས་མི་མང་པོ་ཞིག་དེ་གའི་མཛེས་སྡུག་ལྡན་པའི་རང་བྱུང་མཛེས་ལྗོངས་ལ་ལྟ་བར་ཡོང་གི་ཡོད་ལ། གྲོང་ཚོའི་ཞིང་ལས་ཁྱད་ལྡན་ཐོན་ཟོག་ཀྱང་ཚོང་བར་འགྲོ་གི་ཡོད་པས་ཚང་མའི་འཚོ་བ་ཇི་ཙམ་བསྐྱལ་བ་དེ་ཙམ་གྱིས་ཡག་ཏུ་འགྲོ་བཞིན་ཡོད་ཅེས་བརྗོད།

    རྩ་གླིང་གྲོང་ཚོ་ནི་ཆུ་གློག་འཛུགས་སྐྲུན་གྱིས་རྐྱེན་པས་གནས་སྤོས་ཡུལ་མིའི་གྲོང་ཚོ་ཞིག་ཡིན་ཞིང་། དང་ཐོག་གྲོང་ཚོའི“ཨུ་ལྷན་གཉིས”ཀྱིས་ཀྱང་རྟག་ཏུ་ཐོན་ལས་དར་རྒྱས་གཏོང་ཆེད་བསམ་བློ་མང་པོ་བཏང་ཡོད། ད་ཆ་འགྲོ་ལམ་ཤར་གཏོང་ཐུབ་པ་དང་བསྟུན་ནས་གྲོང་ཚོ་དར་རྒྱས་ཕྱིན་པ་དང་དམངས་ཕྱུག་ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བཞིན་ཡོད།

    ཏུའུ་ཡུང་ཁྲང་གིས། གྲོང་མི་ཁག་གཅིག་གིས་ཆེད་མངགས་ཡུལ་སྐོར་ལས་རིགས་གཉེར་ནས་ལྕགས་ཟམ་ཁའི་ཟམ་ཆེན་དང་། ཤིང་ཁང་ཟམ་ཆེན། ཡུལ་སྲོལ་གོམས་གཤིས་སོགས་ཡུལ་སྐོར་ཐོན་ཁུངས་ལ་བརྟེན་ཏེ་དམངས་སྲོལ་གནས་ཚང་གཉེར་བ་དང་ཡུལ་ཟོག་ཁྱད་ལྡན་ཐོན་རྫས་འཚོང་བ་སོགས་བྱེད་ཀྱི་ཡོད་པས། འདི་ལོའི“ལྔ་གཅིག”རིང་ཁོ་ནར་ཡུལ་སྐོར་བ་ཁྲི་གཅིག་ལྷག་ཙམ་ལ་སྣེ་ལེན་ཞུས་ཡོད། གྲོང་མི་ཁག་གཅིག་གིས་ས་ཞིང་ཐོན་ཁུངས་ལུགས་མཐུན་ངང་སྤྱད་དེ་ཁྱད་ལྡན་འདེབས་འཛུགས་བྱེད་ཀྱི་ཡོད་ཅིང་། གྲོང་ཚོར་ཁྱོན་ཀུ་ཤུའི་སྡོང་པོ་མུའུ་200ལྷག་ཙམ་བཏབ་པར་སྔོན་དཔག་བྱས་ན་འདི་ལོ་ཐོན་འབབ་རྒྱ་མ་ཁྲི་30ཟིན་རྒྱུ་རེད་ལ། ད་དུང་ལུག་མིག་མེ་ཏོག་སེར་པོ་མུའུ་30ལྷག་ཙམ་ཀྱང་བཏབ་ཡོད་ཅེས་ངོ་སྤྲོད་བྱས།

    ཀའོ་ཤང་པིན་ནི་རྩ་གླིང་གྲོང་ཚོའི་ཚོགས་ཆུང་བཞི་པ་ནས་ཡིན་ཞིང་། གྲོང་ཚོར་ཀུ་ཤུ་འདེབས་མཁན་སྔ་ཤོས་རེད། ཁོང་གི་སྐུལ་ཁྲིད་འོག་ད་ཆ་ཚོགས་ཆུང་བཞི་པར་གྲོང་མི་དུད་ཚང་90ཡིས་ཀུ་ཤུ་འདེབས་ཀྱི་ཡོད་པ་ལས་དུད་ཚང་30ཡི་འབྲས་ཤིང་ལ་འབྲས་བུ་བཏགས་ཡོད། ཁོང་གིས“ད་ཆ་ལྕགས་ཟམ་ཁའི་ཀུ་ཤུ་སྐད་གྲགས་ཆེན་པོ་ཡོད། མ་གཞི་སྤྱིར་བཏང་གི་ཀུ་ཤུ་ལས་རིན་གོང་མཐོ་ཡང་བྲིན་ཁ་རྒྱུག་པོ་འདུག ང་ཚོས་ད་དུང་ལྕགས་ཟམ་ཁ་རྫོང་ཤིན་ཧུང་ཤིན་འདེབས་འཛུགས་མཉམ་ལས་ཁང་བཙུགས་ཏེ་གཞི་ཁྱོན་ཅན་དང་ཚད་ལྡན་ཅན་གྱི་འདེབས་འཛུགས་ལ་གཞོལ་ནས་ཡུལ་མི་དེ་བས་མང་བ་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་བྱེད་ཀྱི་ཡོད”ཅེས་བརྗོད། 

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།