དབུ་ཤོག>གསར་འགྱུར།>དམངས་འཚོ།
  • ནག་ཆུ་གྲོང་ཁྱེར་ལྷ་རི་རྫོང་སྙེའུ་ཤང་དུ་བདེ་སྐྱིད་ཀྱི་ཆུ་ཡུར་ཞིག་ཡོད་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2024-11-28

    འདི་ནི་ནག་ཆུ་གྲོང་ཁྱེར་ལྷ་རི་རྫོང་གྲོང་ཡུལ་གྲོང་ཚོའི་ཡུལ་མིས་རྨོད་བརྒྱབ་ནས་དགུན་གྲོ་འདེབས་པའི་གྲ་སྒྲིག་བྱེད་བཞིན་པ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཝེ་ཀོན་ཡུས་ཀྱིས་པར་བླངས།

    འདི་ནི་ནག་ཆུ་གྲོང་ཁྱེར་ལྷ་རི་རྫོང་སྙེའུ་ཤང་གྲོང་ཡུལ་གྲོང་ཚོའི་ཨར་འདམ་ཆུ་ཡུར་ཡིན་པ།

    འདི་ནི་ནག་ཆུ་གྲོང་ཁྱེར་ལྷ་རི་རྫོང་སྙེའུ་ཤང་གྲོང་ཡུལ་གྲོང་ཚོའི་ཞིང་ཁའི་ཆུ་སྒོ་ཡིན་པ།

    ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་གློག་འཕྲིན་འབྱོར་གསལ། ལོ་རེའི་ཟླ་10པར་ནག་ཆུ་གྲོང་ཁྱེར་ལྷ་རི་རྫོང་སྙེའུ་ཤང་དུ་དགུན་གྲོ་འདེབས་པའི་དུས་ཚིགས་ཤར་ཞིང་། གྲོང་ཡུལ་གྲོང་ཚོའི་ཡུལ་མི་བསོད་ནམས་ཡེ་ཤེས་དང་ཡུལ་མི་ཚོས་འདྲུད་འཐེན་འཕྲུལ་འཁོར་བཏང་ནས་རྨོ་འདེབས་བྱེད་བཞིན་ཡོད།

    “ད་ལོ་ང་ཚོའི་ཤང་གི་ནས་ཀྱི་ཐོན་འབབ་རྒྱ་མ་500ལས་ཐོག་མར་བརྒལ་ཡོད། དེ་ནི་ཨར་འདམ་ཆུ་ཡུར་ལ་བརྟེན་ནས་བྱུང་བ་ཞིག་རེད”ཅེས་བསོད་ནམས་ཡེ་ཤེས་ཀྱིས་བརྗོད།

    ས་ཞིང་ཁ་ཐོར་ཡིན་པ་དང་ས་ཁད་མཐོ་དམན་གྱི་ཧེ་བག་ཆེ་བའི་བོད་ཀྱི་ས་བབ་ཆ་རྐྱེན་གྱིས་ལོ་ཏོག་གི་ཐོན་འབབ་མང་དུ་འགྲོ་རྒྱུར་ཚོད་འཛིན་ཐེབས་ཡོད། ཉེ་བའི་ལོ་ཤས་རིང་། བོད་རང་སྐྱོང་ལྗོངས་ཀྱིས་རྨོ་ཞིང་སྒྱུར་བཀོད་ཧུར་ཐག་བྱས་པས། 2023ལོའི་ལོ་མཇུག་བར་ལྗོངས་ཡོངས་སུ་ཚད་གཞི་མཐོ་བའི་ཞིང་ཁ་མུའུ་ཁྲི་430འཛུགས་སྐྲུན་བྱས་ཡོད།

    སྙེའུ་ཤང་ནི་བོད་བྱང་ཐང་གི་ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་བྱས་པའི་དཔེ་མཚོན་ཞིག་རེད། ནག་ཆུ་གྲོང་ཁྱེར་གྱི་ཞིང་ལས་རྐྱང་པའི་ཁུལ་ཞིག་ཡིན་པའི་སྙེའུ་ཤང་ནི་མི་རབས་ནས་མི་རབས་བར་ཞིང་ཁ་བཏབ་ནས་འཚོ་ཐབས་བྱེད་ཀྱི་ཡོད། གངས་རིའི་རོང་ས་རུ་གནས་པའི་རྐྱེན་གྱིས་གྲོང་སྡེ་དང་ས་ཞིང་ཚང་མ་རི་ལྡེབས་སུ་ཆགས་ཡོད། ས་བབ་ཅུང་མཐོ་བའི་གྲོང་ཚོ་6ལ་ནས་བཏབ་པ་དང་ས་བབ་ཅུང་དམའ་བའི་གྲོང་ཚོ་8ལ་ནས་ཕུད་ད་དུང་དགུན་གྲོ་དང་། སྔོ་ཚལ། གཟན་རྩྭ་བཏབ་ཡོད།

    2017ལོར་སྙེའུ་ཤང་གིས་ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་བྱས་པ་དང་། དེ་རྗེས་ཀྱི་ལོ་ཁ་ཤས་ནང་ཡུལ་དེས་ས་ཞིང་ཁོད་སྙོམས་པ་དང་ཆུ་ཡུར་གསར་དུ་བཟོས་པར་ཡུལ་མི་ཚོའི་ལས་ཀའི་ཧུར་སེམས་ཀྱང་རབ་ཏུ་འཕེལ་ཡོད། ཨར་འདམ་ཆུ་ཡུར་ལེ་དབར་བཅུ་གྲངས་ཁ་ཤས་བཟོས་ཡོད་པས་ཤང་ཡོངས་ཀྱི་འདེབས་འཛུགས་རྒྱ་ཁྱོན་ཡང་རིམ་བཞིན་ཆེ་རུ་ཕྱིན་ཏེ་ད་ཆ་མུའུ་5000ཟིན་གྱི་ཡོད།

    ད་ཆ་ལོ་ལྟར་ཞིང་ཆུ་གཏོང་དུས་ཆུ་སྒོ་རིམ་པ་དབྱེ་ནས་གློད་ཀྱི་ཡོད། ཡུལ་མི་ཚོས་རྒྱན་འཐེན་ནས་ཞིང་ཆུ་གཏོང་བའི་གོ་རིམ་གཏན་འཁེལ་བྱས་རྗེས་རིམ་པ་བཞིན་ཆུ་གཏོང་འགོ་འཛུགས་ཀྱི་ཡོད།

    “ད་ཆ་ང་ཚོས་ཤིང་བཅད་ནས་ཆུ་ཡུར་བཟོ་མི་དགོས་པས་ཁོར་ཡུག་ལའང་སྲུང་སྐྱོང་ཐུབ་སོང” “དུས་ཚོད་གྲོན་ཆུང་ཐུབ་པ་དེ་དག་ནགས་ཁྲོད་དཔལ་འབྱོར་འཕེལ་རྒྱས་གཏོང་བ་དང་ཕྱིར་གླ་པར་འགྲོ་ཆོག”ཅེས་བསོད་ནམས་ཡེ་ཤེས་ཀྱིས་འཛུམ་དམུལ་དམུལ་ངང་བརྗོད།

    ཆུ་ཡུར་གསར་པ་ཡོད་པས་ཞིང་ཆུ་གཏོང་བའི་ཆ་རྐྱེན་ལེགས་སུ་ཕྱིན་ཏེ་རྨོ་ཞིང་གི་སྤུས་ཚད་རིམ་བཞིན་མཐོ་རུ་ཕྱིན་པ་དང་འབྲུ་རིགས་ཀྱི་ཐོན་འབབ་ཀྱང་མང་དུ་སོང་ཡོད། ད་དུང་ངལ་རྩོལ་ནུས་ཤུགས་ལ་བཅིངས་འགྲོལ་ཐོབ་སྟེ་མང་ཚོགས་ལ་འབབ་འཕར་གྱི་རྣམ་གྲངས་གཞན་དག་ནང་ཞུགས་པའི་གོ་སྐབས་བྱུང་ཡོད། 2023ལོར་སྙེའུ་ཤང་གི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་24559ཟིན་ཡོད།

    “ང་ཚོའི་ཨར་འདམ་ཆུ་ཡུར་ནི‘བདེ་སྐྱིད་ཀྱི་ཆུ་ཡུར’རེད”ཅེས་གྲོང་ཡུལ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཚེ་དབང་རྡོ་རྗེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།