ཞི་ཅིན་ཕིང་གིས་ས་མོ་ཡའི་ཙུང་ལི་ཧྥེ་ཡ་མེ་དང་མཇལ་འཛོམས་གནང་བ།
ཟླ་11ཚེས་26ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་ཏེའོ་ཡུས་ཐའེ་རྒྱལ་མགྲོན་ཁང་དུ་ཀྲུང་གོར་དངོས་གཞིའི་འཚམས་འདྲིར་ཕེབས་པའི་ས་མོ་ཡའི་ཙུང་ལི་ཧྥེ་ཡ་མེ་དང་མཇལ་འཛོམས་གནང་བ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་26ཉིན་གློག་འཕྲིན་འབྱོར་གསལ། ཟླ་11ཚེས་26ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་ཏེའོ་ཡུས་ཐའེ་རྒྱལ་མགྲོན་ཁང་དུ་ཀྲུང་གོར་དངོས་གཞིའི་འཚམས་འདྲིར་ཕེབས་པའི་ས་མོ་ཡའི་ཙུང་ལི་ཧྥེ་ཡ་མེ་དང་མཇལ་འཛོམས་གནང་བ་རེད།
ཞི་ཅིན་ཕིང་གིས་བསྟན་དོན། ས་མོ་ཡ་ནི་ཞི་བདེ་རྒྱ་མཚོ་ཆེན་པོའི་གླིང་ཕྲན་རྒྱལ་ཁབ་ཁྲོད་ཀྱི་ཀྲུང་གོ་གསར་པ་དང་ཕྱི་འབྲེལ་བཙུགས་མཁན་ཁག་དང་པོའི་གྲས་རེད། ཕྱི་འབྲེལ་བཙུགས་ནས་ལོ་50ཙམ་སོང་རིང་རྒྱལ་ཁབ་གཉིས་པོས་སྲོལ་རྒྱུན་གྱི་མཛའ་གྲོགས་རྒྱུན་འཁྱོངས་ཀྱིས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་བརྩི་འཇོག་དང་། འདྲ་མཉམ་གྱི་ལྟ་སྟངས་འཛིན་པ། མཉམ་ལས་གཉིས་ཁེ་བཅས་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་ཆེ་ཆུང་གང་ཡིན་རུང་ཚང་མ་འདྲ་མཉམ་དང་ཚང་མར་རང་བཙན་རང་བདག་གི་དེང་རབས་ཅན་མངོན་འགྱུར་བྱེད་པའི་དབང་ཆ་ཡོད་པའི་འདོད་ཚུལ་ཐོག་མཐའ་བར་གསུམ་དུ་འཛིན་གྱི་ཡོད། ས་མོ་ཡ་ཕྱོགས་ཀྱིས་རང་ཉིད་ཀྱི་བདག་དབང་དང་རང་བཙན་ལ་སྲུང་སྐྱོང་བྱས་ནས་རང་རྒྱལ་ཁབ་ཀྱི་རྒྱལ་བབ་དང་མཐུན་པའི་འཕེལ་རྒྱས་ཀྱི་འགྲོ་ལམ་རང་བརྟེན་འཚོལ་ཞིབ་བྱེད་པར་ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུ་ཡིན། ས་མོ་ཡ་ཕྱོགས་དང་ཕན་ཚུན་བརྩི་འཇོག་དང་ཕན་ཚུན་ཡིད་ཆེས་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། རྒྱལ་སྐྱོང་སྲིད་འཛིན་དང་འཕེལ་རྒྱས་ཀྱི་ཉམས་མྱོང་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ། སྔོག་འདོན་བྱེད་པ། གཉིས་ཕན་མཉམ་ལས་རྒྱ་ཆེར་གཏོང་བ་བཅས་བྱས་ཏེ་ཐུན་མོང་ཐོག་འཕེལ་རྒྱས་ཡོང་བ་བྱེད་འདོད་ཡོད། ཕྱོགས་གཉིས་པོས་ཤེས་དཔལ་དཔྱད་གཞིར་འཛིན་རེས་ལ་སྐུལ་འདེད་གཏོང་བ་དང་སློབ་གསོ་དང་། རིག་གནས། གཞོན་ནུ་སོགས་མི་ཆོས་རིག་གནས་ཁྱབ་ཁོངས་ཀྱི་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་ཀྲུང་སའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་བརྟན་བགྲོད་རྒྱང་འཁྱོལ་ཡོང་བར་སྐུལ་འདེད་གཏོང་དགོས།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོས་ཞི་བདེ་རྒྱ་མཚོ་ཆེན་པོའི་གླིང་ཕྲན་རྒྱལ་ཁབ་ལ“བརྩི་འཇོག་གང་ལེགས་བཞིའི”རྩ་དོན་འཛིན་པ་དང་། ཞི་བདེ་རྒྱ་མཚོ་ཆེན་པོའི་གླིང་ཕྲན་རྒྱལ་ཁབ་ལ་རོགས་རམ་བྱེད་པར་ཆབ་སྲིད་ཀྱི་ཆ་རྐྱེན་ཁ་སྣོན་མི་བྱེད་པ། གཞན་ལ་བཙན་འགེལ་མི་བྱེད་པ། ཁས་ལེན་སྟོང་པ་མི་བྱེད་པ་བཅས་བྱེད་ཀྱི་ཡོད། ཀྲུང་གོས་ཞི་བདེ་རྒྱ་མཚོ་ཆེན་པོའི་གླིང་ཕྲན་རྒྱལ་ཁབ་ལ་སྒོ་དབྱེ་བསྟུན་མཁས་ཀྱི་སྲིད་ཇུས་འཛིན་པ་དང་། སྒེར་སེམས་མེད་པ། ཕུང་གསུམ་པར་མི་དམིགས་པ། ས་འབྲེལ་ཐད་འཕྲོག་ལེན་མི་བྱེད་པ་དང་སྟོབས་ཤུགས་ཀྱི་ཁྱབ་ཁོངས་རྩོད་ཀྱི་མེད། ཀྲུང་གོ་ཕྱོགས་ཀྱིས་ཞི་བདེ་རྒྱ་མཚོ་ཆེན་པོའི་གླིང་ཕྲན་རྒྱལ་ཁབ་ཀྱིས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་ནུས་པ་ཆེ་རུ་གཏོང་བར་རོགས་རམ་བྱེད་པ་དེ་སྔོན་སྒྲུབ་མཉམ་ལས་ཀྱི་ཁྱབ་ཁོངས་སུ་བརྩིས་ཏེ། 《མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་གི་སྒྲོམ་གཞིའི་སྤྱི་ཆིངས》དང་དེ་བཞིན《ཕ་རི་སིའི་གྲོས་ཆོད》ཕྱོགས་ཡོངས་ནས་ལག་བསྟར་ནུས་ལྡན་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། ཐུན་མོང་ཡིན་ཡང་ཁྱད་པར་ཡོད་པའི་འགན་འཁྲིའི་རྩ་དོན་ལ་སྲུང་སྐྱོང་བྱེད་པ། གཞུང་དྲང་དྲང་བདེན་དང་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་ཐུན་མོང་ཁེ་ཕན་ལ་སྲུང་སྐྱོང་བཅས་བྱས་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་མཉམ་དུ་འཛུགས་འདོད་ཡོད།
ཧྥེ་ཡ་མེས། ཀྲུའུ་ཞི་ཞི་ཅིན་ཕིང་གི་མཁས་མཛངས་ལྡན་པའི་འགོ་ཁྲིད་འོག་ཀྲུང་གོར་འཕེལ་རྒྱས་ཀྱི་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་ནས་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ལ་མིག་དཔེ་བསྟན་ཡོད། ས་མོ་ཡ་ཕྱོགས་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དང་། ལྷག་པར་དུ། ཀྲུའུ་ཞི་ཞི་ཅིན་ཕིང་གི་འབྲེལ་ཡོད་ཀྱི་དབུལ་པོ་ཉུང་གཏོང་དང་ལྗང་མདོག་འཕེལ་རྒྱས་སོགས་རྒྱལ་སྐྱོང་སྲིད་འཛིན་གྱི་ཉམས་མྱོང་སློབ་སྦྱོང་དང་དཔྱད་གཞིར་འཛིན་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་དུས་ཡུན་རིང་པོའི་ནང་ས་མོ་ཡར་རྩ་ཆེའི་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཀྲུང་གོས་རྒྱལ་ཁབ་གཞན་གྱི་ནང་སྲིད་ལ་ཐེ་ཇུས་མི་བྱེད་པའི་རྩ་དོན་མཐའ་འཁྱོངས་དང་། ཞི་བདེ་རྒྱ་མཚོ་ཆེན་པོའི་གླིང་ཕྲན་རྒྱལ་ཁབ་ལ་རོགས་རམ་བྱེད་པར་ཆབ་སྲིད་ཀྱི་ཆ་རྐྱེན་གང་ཡང་ཁ་སྣོན་མི་བྱེད་པར་ཁ་བཤད་ལག་བསྟར་དང་གང་བཤད་དེ་བསྒྲུབས་པར་ས་མོ་ཡ་ཕྱོགས་ཀྱིས་ཚད་མཐོའི་བསྔགས་བརྗོད་ཞུ་རྒྱུ་ཡིན། ས་མོ་ཡ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་མཐའ་གཅིག་ཏུ་བསྲུངས་ནས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དང་། གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ གོ་ལ་ཧྲིལ་པོའི་ཤེས་དཔལ་གྱི་གྲོས་འགོ་བཅས་ལ་རྒྱབ་སྐྱོར་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།