དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • དུས་རབས་གསར་པའི་བོད་ཀྱི་མི་དམངས་འཐུས་ཚོགས་ལས་དོན་གྱི་ལེའུ་གསར་པ་རྩོམ་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-11-27

    རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་བཙུགས་ནས་ལོ་70འཁོར་བ་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱིས་རྒྱུན་ལས་ཨུ་ལྷན་བཙུགས་ནས་ལོ་45འཁོར་བར་རྟེན་འབྲེལ་ཞུ་བའི་བཞུགས་མོལ་ཚོགས་འདུའི་ཐོག་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་སློབ་སྦྱོང་ལག་བསྟར་གཏིང་ཟབ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་བཙུགས་ནས་ལོ་70འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཏེ། བོད་དུ་མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་ཀྱི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ལམ་བུ་དང་གསོན་ཉམས་ལྡན་པའི་ལག་ལེན་ལ་ཕྱོགས་སྡོམ་དང་ཕྱིར་ལྟ་བྱས་ནས། བོད་ཀྱི་མི་དམངས་འཐུས་ཚོགས་ཀྱི་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་ཐད་སྤེལ་རེས་གཏིང་ཟབ་དང་བརྒྱུད་རིམ་ལྡན་པའི་བཀོད་སྒྲིག་བྱས་ཡོད། ཚོགས་འདུ་འཚོགས་པ་དེས་དུས་རབས་གསར་པ་དང་རྒྱང་ལམ་གསར་པར་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་མཐའ་འཁྱོངས་དང་། འཐུས་ཚང་། འཁོར་སྐྱོད་བཅས་ཡག་པོ་བྱས་ནས་ལྗོངས་ཡོངས་ཀྱི་མི་དམངས་འཐུས་ཚོགས་ལས་དོན་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་པར་དོན་སྙིང་གལ་ཆེན་ལྡན་ཡོད།

    ལོ་རྒྱུས་ཀྱིས་བདེན་དཔང་བྱེད་ལ། མི་དམངས་ཀྱིས་བདེན་དཔང་བྱེད། 1965ལོའི་ཟླ་9པར། རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དང་པོའི་ཚོགས་འདུ་ཐེངས་དང་པོ་འཚོགས་ནས། བོད་རང་སྐྱོང་ལྗོངས་དབུ་བརྙེས་པ་དང་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་བོད་དུ་དངོས་སུ་བཙུགས་པ་ཁྱབ་བསྒྲགས་བྱས་པ་རེད། ལོ་45ཡི་གོང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱིས་རྒྱལ་ཡོངས་ཀྱི་ཞིང་ཆེན་རིམ་པའི་ཁྱབ་ཁོངས་ནང་གཞན་གྱི་སྔོན་ལ་རྒྱུན་ལས་ཨུ་ལྷན་བཙུགས་པས། མི་དམངས་འཐུས་ཚོགས་ཀྱི་ལས་དོན་དེ་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་སླེབས་ཡོད། བོད་ཀྱི་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་ལོ་རྒྱུས་འཕེལ་རིམ་ཁྲོད་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་རྒྱུན་ཆད་མེད་པར་འཕེལ་རྒྱས་དང་འཐུས་སྒོ་ཚང་དུ་ཕྱིན་ནས། གངས་ལྗོངས་ས་མཐོར་རྩ་བ་བརྟན་པོ་ཚུགས་པ་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་སེམས་ནང་གཏིང་ཟབ་ཟུག་ཡོད། ལྷག་པར་དུ་དུས་རབས་གསར་པར་སླེབས་ཚུན། ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་གྱི་མཛུབ་ཁྲིད་ནུས་ལྡན་འོག རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་མི་དམངས་འཐུས་ཚོགས་ཀྱིས་ཁྲིམས་ལྟར་འགན་འཁྲི་སྒྲུབ་པར་ཕྱོགས་ཡོངས་ནས་རྒྱབ་སྐྱོར་བྱས་ཏེ། ལྗོངས་ཡོངས་ཀྱི་རིམ་ཁག་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་གྱིས་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། མི་དམངས་རང་ཁྱིམ་རང་བདག ཁྲིམས་ལྟར་རྒྱལ་སྐྱོང་བཅས་གཅིག་གྱུར་དམ་ཟབ་བྱས་པས་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་དང་། ཁྲིམས་ལྟར་འགན་འཁྲི་སྒྲུབ་པ། མི་དམངས་དམངས་གཙོ་འཕེལ་རྒྱས་གཏོང་བ་བཅས་ཀྱི་ལས་དོན་ཁག་ལ་གྲུབ་འབྲས་གཟེངས་སུ་ཐོན་པ་ཐོབ་སྟེ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད།

    ལོ་རྒྱུས་ཀྱི་ཉམས་མྱོང་ཕྱོགས་སྡོམ་བྱས་ནས་ལམ་ལུགས་ཀྱི་གདེང་ཚོད་བརྟན་དུ་གཏོང་དགོས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལག་ལེན་ལ་སྐུལ་འདེད་གཏོང་བར་ངེས་པར་དུ་མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་ཀྱི་མངོན་གསལ་དོད་པའི་ལེགས་ཆ་གང་ལེགས་འདོན་པ་དང་ཕྱོགས་ཁག་གི་བློ་གྲོས་དང་སྟོབས་ཤུགས་རྒྱ་ཁྱབ་ངང་སྐུལ་སློང་དང་གཅིག་སྡུད་བྱས་ཏེ། ལམ་ལུགས་ཀྱི་ལེགས་ཆ་དེ་བཅོས་སྒྲིག་གི་ཕན་ནུས་སུ་དེ་བས་ལེགས་པའི་ངང་འགྱུར་བར་བྱེད་དགོས། དུས་རབས་གསར་པ་དང་རྒྱང་ལམ་གསར་པར་གཞི་ཚུགས་པ་དང་དུས་བབ་གསར་པ་དང་ལས་འགན་གསར་པའི་མདུན་དུ་ལྗོངས་ཡོངས་ཀྱི་རིམ་ཁག་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་གྱིས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་བླངས་ནས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ནས། མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་ཀྱི་མངོན་གསལ་དོད་པའི་ཆབ་སྲིད་ཀྱི་ལེགས་ཆར་གོ་བ་གཏིང་ཟབ་ལེན་པ་དང་ཁོང་དུ་ཆུད་པར་བྱེད་པ། དུས་རབས་གསར་པའི་མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་ཀྱི་རིགས་པའི་གཞུང་ལུགས་དང་ལག་ལེན་གསར་གཏོད་ཀྱི་གྲུབ་འབྲས་གལ་ཆེན་ལ་གོ་བ་གཏིང་ཟབ་ལེན་པ་དང་ཁོང་དུ་ཆུད་པར་བྱེད་པ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་ཁྲོད་ཀྱི་མི་དམངས་འཐུས་ཚོགས་ཀྱི་འགན་འཁྲི་དང་ལས་འགན་ལ་གོ་བ་གཏིང་ཟབ་ལེན་པ་དང་ཁོང་དུ་ཆུད་པར་བྱེད་པ། ཐོག་མཐའ་བར་གསུམ་དུ་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བཅས་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་འཕེལ་རྒྱས་ཀྱི་ལམ་བུར་སྐྱོད་པའི་གདེང་ཚོད་དང་ཆོད་སེམས་སྔར་བས་ཆེ་རུ་གཏོང་དགོས།

    དུས་ཀྱི་མདའ་མོ་སྐད་ཅིག་ཉིད་དུ་འདའ་བ་དང་བསྟུན་ནས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་གངས་ལྗོངས་ས་མཐོར་གོམ་ཞེང་ཆེན་པོས་མདུན་དུ་སྐྱོད་བཞིན་ཡོད། འགོ་འཛུགས་ས་གསར་པར་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་མུ་མཐུད་མཐའ་འཁྱོངས་ཡག་པོ་དང་། འཐུས་ཚང་ཡག་པོ། འཁོར་སྐྱོད་ཡག་པོ་བཅས་བྱེད་དགོས་ན། ངེས་པར་དུ“ལས་ཁུངས་བཞིའི”ངེས་གནས་བླང་བྱར་གོ་བ་གཏིང་ཟབ་ལེན་པ་དང་ཁོང་དུ་ཆུད་པར་བྱས་ཏེ། མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་གྱི་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས་པས། ལྗོངས་ཡོངས་ཀྱི་རིམ་ཁག་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་གྱིས་ཏང་གི་ཆབ་སྲིད་འཛུགས་སྐྱོང་སྤྱི་འདོམས་སུ་བྱས་ནས། བསམ་བློ་འཛུགས་སྐྱོང་དང་། རྩ་འཛུགས་འཛུགས་སྐྱོང་། སྤྱོད་ཚུལ་འཛུགས་སྐྱོང་། སྒྲིག་ཁྲིམས་འཛུགས་སྐྱོང་བཅས་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་དང་། དུས་རབས་གསར་པའི་མི་དམངས་འཐུས་ཚོགས་ཀྱི་ལས་ཀའི་ཁྱད་ཆོས་དང་དགོས་མཁོ་དང་འཚམ་པའི་ལས་ཁུངས་ཀྱི་ལས་ཀའི་ལམ་ལུགས་མུ་མཐུད་འཐུས་སྒོ་ཚང་དུ་གཏོང་བ། ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། ཁྲིམས་ལྟར་འགན་འཁྲི་སྒྲུབ་པའི་ནུས་པ་དང་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བ་བཅས་བྱས་ཏེ། ཏང་དང་མི་དམངས་བློ་ཡིད་ཚིམ་པའི་དཔེ་བཟང་ལས་ཁུངས་གཏོད་དགོས་པའི་བླང་བྱ་བཏོན་ཡོད།

    དུས་རབས་གསར་པའི་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུ་ནི་ལས་འགན་གཟི་བརྗིད་ལྡན་ཞིང་འགན་འཁྲི་ལྕི་པོ་ཞིག་རེད། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་འཕེལ་རྒྱས་ཀྱི་འགྲོ་ལམ་ཐོག་བསྐྱོད་ནས། སྔ་འཛིན་ཕྱི་གཏོད་དང་གཞུང་འཁྱོངས་གསར་འབྱེད་བྱས་ཏེ་ལྗོངས་ཡོངས་ཀྱི་མི་དམངས་འཐུས་ཚོགས་ཀྱི་ལས་དོན་སྤུས་ཚད་མཐོན་པོས་འཕེལ་རྒྱས་འགྲོ་བར་མུ་མཐུད་སྐུལ་འདེད་གཏོང་བ་དང་། མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་མཐའ་འཁྱོངས་ཡག་པོ་དང་། འཐུས་ཚང་ཡག་པོ། འཁོར་སྐྱོད་ཡག་པོ་བཅས་ཀྱི་ཕན་འབྲས་གསར་པར་བརྟེན་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་ཕྱོགས་ཡོངས་ནས་སྐྲུན་ཆེད་སྟོབས་ཤུགས་དེ་བས་ཆེ་བ་སྐྱེས་སུ་འབུལ་དགོས།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།