ལྷ་གཞིས་ལྕགས་ལམ་ཆུ་ཤུར་རྫོང་བབས་ཚུགས་ཀྱི་ལས་རེས་པས་མེ་འཁོར་འགྲོ་སྐྱོད་བདེ་འཇགས་ལ་འགན་ལེན་བྱས་པ།
ས་བབ་མཐོ་ཚད་ལ་སྨི་3568ཟིན་པའི་བབས་ཚུགས་ཆུང་ཆུང་ཞིག་གི་ལས་མི་གཉིས།
འདི་ནི་ཧོ་ཝུན་ཀུའེ(གཡོན)དང་ཀྲའོ་ཡོན་ཧྲེང་གིས་བབས་ཚུགས་སུ་ལས་ཀའི་སྐོར་གླེང་བཞིན་པ། འདི་ག་ཚགས་པར་གྱི་གསར་འགོད་པ་ཞུས་ཡུས་ཡའོ་ཡིས་པར་བླངས།
མེ་འཁོར་བབས་ཚུགས་གཅིག་ཏུ་ལས་ཀ་བྱེད་ཀྱི་ཡོད་ཀྱང་ཧོ་ཝུན་ཀུའེ་དང་ཀྲའོ་ཡོན་ཧྲེང་གཉིས་ཡང་སེ་ཐུག་ཐུབ་ཀྱི་མེད།
ཁོང་གཉིས་པོའི་ལས་ཀ་བྱ་ཡུལ་ནི་ལྷ་གཞིས(བོད་ལྗོངས་ལྷ་ས་ནས་གཞིས་རྩེ་བར)ལྕགས་ལམ་གྱི་ཆུ་ཤུར་རྫོང་བབས་ཚུགས་ཡིན་ཞིང་། ཡར་ཀླུང་གཙང་པོ་འགྲམ་ནས་དྲག་ཏུ་རྒྱུག་པ་དང་མཐའ་བཞི་རི་ཚོགས་ཀྱིས་བསྐོར་བས་ས་བབ་མཐོ་ཚད་ལ་སྨི་3568ཟིན་པའི་བབས་ཚུགས་ཆུང་ཆུང་དེ་ཁེར་རྐྱང་དུ་ལུས་པ་ལྟ་བུར་སྣང་། མེ་འཁོར་བབས་ཚུགས་སུ་ལས་རེས་པ་ཧོ་ཝུན་ཀུའེ་དང་ཀྲའོ་ཡོན་ཧྲེང་གཉིས་ལས་མེད་པས་ཟླ་རེ་བཞིན་རེས་མོས་བྱས་ནས་ལས་རེས་བྱེད་ཀྱི་ཡོད།
སྐབས་རེ་འུར་འུར་དུ་སྐྱོད་པའི་མེ་འཁོར་ནི་ཆུ་ཤུར་རྫོང་བབས་ཚུགས་ལ་འབྱོར་བའི་མགྲོན་པོ་གཅིག་པུ་ལྟ་བུར་གྱུར་པ་དང་། ཧོ་ཝུན་ཀུའེ་དང་ཀྲའོ་ཡོན་ཧྲེང་གཉིས་ཀྱང་ལས་རེས་རྩིས་སྤྲོད་བྱེད་སྐབས་གཞི་ནས་ཐུག་གི་ཡོད། ལས་རེས་རྩིས་སྤྲོད་བྱེད་ཐེངས་རེ་རེ་ནི་ལས་སླ་པོ་ཞིག་མིན་ཞིང་། ནམ་རྒྱུན་མི་གཅིག་ལས་མེད་པས། ཁོ་གཉིས་མཉམ་དུ་འཛོམས་སྐབས་ལས་ཀ་མཐའ་དག་རྩིས་སྤྲོད་ལེན་ཡག་པོ་བྱེད་དགོས་ཀྱི་ཡོད་པ་སྟེ། ཀྲའོ་ཡོན་ཧྲེང་གིས་གློག་ཀླད་དང་ལས་རེས་ཉིན་ཐོ་ཁ་ཕྱེ་ནས་ཧོ་ཝུན་ཀུའེ་ལ་ཟླ་བ་གོང་མའི་ལས་ཀའི་ནང་འཕྲད་པའི་གནད་དོན་དང་དེ་བཞིན་ཐོལ་བྱུང་གི་གནས་ཚུལ་ཁ་ཤས་ངོ་སྤྲོད་ཞིབ་ཕྲ་བྱེད་དགོས་ཀྱི་ཡོད།
གློག་ཀླད་གཅིག་དང་། དཔྱད་གཞི་སྒམ་གཅིག མི་རྐྱང་མལ་ཁྲི་གཅིག་བཅས་ནི་ལས་རེས་ཁང་ནང་གི་ཁྱིམ་ནོར་ཡོད་ཚད་རེད། ཉིན་རེའི་ལས་ཀ་ཡང་ཧ་ཅང་སྣ་གཅིག་ཡིན་པ་སྟེ། ཞོགས་པ་མལ་ལས་ལངས་རྗེས་དང་ཐོག་ཉིན་ཧྲིལ་པོའི་བཀོད་གཏོང་བཀའ་རྒྱར་ལན་སློག་དགོས་པ་དང་། དེ་རྗེས་མེ་འཁོར་སླེབས་ལ་ཉེ་བའི་སྐབས་སུ་མེ་འཁོར་འཁོར་སྐྱོད་གནས་ཚུལ་ལ་ལྟ་ཞིབ་ཡག་པོ་བྱས་ནས་དུས་ཐོག་ཏུ་སྙན་སེང་ཞུ་དགོས་པ་དང་། མེ་འཁོར་མེད་པའི་སྐབས་མེ་འཁོར་བབས་ཚུགས་ལ་སྐོར་གཡེང་ཞིབ་བཤེར་བྱེད་དགོས་ཀྱི་ཡོད། ཉིན་ལྟར་ཁོང་གཉིས་པོས་དབྱར་དགུན་དབྱེ་བ་མེད་པར་ཆར་རླུང་ལྡང་བ་དང་ཁ་བ་བུ་ཡུག་འཚུབ་པར་མི་ལྟོས་པར་རྒྱུས་མངའ་ཆེ་བའི་ལམ་ཐིག་བརྒྱུད་མེ་འཁོར་བབས་ཚུགས་ཀྱི་སྒྲིག་ཆས་སྣ་ཚོགས་ལ་རེ་རེ་བཞིན་ཞིབ་བཤེར་བྱེད་ཀྱི་ཡོད།
“ལས་གནས་ཐོག་ལས་མི་གཅིག་ལས་མེད་མོད། འོན་ཀྱང་ཚང་དགོས་པའི་གོ་རིམ་དང་ལས་རིམ་གཅིག་ཀྱང་མི་ཆད་པ་བྱེད་ལ། ལས་སྒྲུབ་ཚད་གཞི་ངེས་པར་ལག་བསྟར་ནན་པོ་བྱེད་དགོས་ཀྱི་ཡོད”ཅེས་ཧོ་ཝུན་ཀུའེ་ཡིས་བརྗོད།
ད་དུང་མེ་འཁོར་བབས་ཚུགས་ཀྱིས་ཉེ་འཁོར་ལྕགས་ལམ་སྲུང་སྐྱོང་དང་བདག་སྐྱོང་སྤྱི་འདོམས་སྦྲེལ་ཚིགས་ཀྱི་ལས་དོན་སྒྲུབ་པའི་འགན་འཁུར་གྱི་ཡོད་ཅིང་། ཀྲའོ་ཡོན་ཧྲེང་གིས“དབྱར་ཁར་ཆུ་ལོག་དང་འདམ་རྡོའི་ཆུ་རུད་སོགས་ཀྱི་ས་གཤིས་གནོད་འཚེ་ཐོན་མང་བས། དུས་དང་རྣམ་པ་ཀུན་ཏུ་ཉེ་འཁོར་ལྕགས་ལམ་གྱི་གནས་ཚུལ་ལ་དོ་ཁུར་བྱས་ཏེ་གནོད་འཚེ་ཕོག་ཡུལ་དུ་མི་སྣ་སྐོར་ཞིབ་དང་སྲུང་སྐྱོང་བྱེད་པར་སྤྱི་འདོམས་བཀོད་གཏོང་བྱེད་དགོས་པ་ནི་ང་ཚོའི་ལས་ཀ་གཙོ་བོ་ཡིན”ཞེས་བརྗོད།
2021ལོར་རང་ཉིད་ཆུ་ཤུར་རྫོང་མེ་འཁོར་བབས་ཚུགས་སུ་ལས་ཀ་བྱེད་པར་འོང་སྐབས་འདི་གར་ད་དུང་མེ་འཁོར་ལ་སྡོད་མཁན་ས་གནས་དེ་གའི་འགྲུལ་པ་ཁ་ཤས་ཡོད་ལུགས་ཀྲའོ་ཡོན་ཧྲེང་གིས་ད་དུང་དྲན་བཞིན་ཡོད། དེ་དུས་མེ་འཁོར་བབས་ཚུགས་སུ་དེ་གར་ཉིན་ལྟར་ལྗང་དབྱིབས་མེ་འཁོར་ཐེངས་2སྡོད་པ་དང་། དེར་སྡོད་མཁན་དང་འབབ་མཁན་འགྲུལ་པ་50ནས་100བར་ཡོད།
ལོ་ཤས་གོང་། གཞུང་ལམ་འགྲིམ་འགྲུལ་སྟབས་བདེ་པོ་མེད་ལ་འཁོར་རིགས་ཀྱང་ཉུང་ཉུང་ཡིན་པས་ཚང་མས་ལྗང་དབྱིབས་མེ་འཁོར་ལ་བསྡད་དེ་འགྲོ་སྐྱོད་བྱེད་ཀྱི་ཡོད་ཅིང་། ཀྲའོ་ཡོན་ཧྲེང་གིས“བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཕྱིན་པ་དང་སྦྲགས་དེ་སྔའི་མེ་འཁོར་ས་མཐོའི་བསྐྱར་དར་རྟགས་ཅན་དུ་བསྒྱུར་བ་དང་གཞུང་ལམ་འགྲིམ་འགྲུལ་ཡང་ཟམ་མི་ཆད་པར་ལེགས་སུ་ཕྱིན་པས། ཕྱིར་སྐྱོད་སྐབས་ཚང་མས་དེ་བས་སྟབས་བདེ་ལ་འགྲོ་སྐྱོད་བདེ་བའི་འགྲིམ་འགྲུལ་ཡོ་ཆས་འདེམས་ཀྱི་ཡོད”ཅེས་ཕྱིར་དྲན་བྱེད་བཞིན་བརྗོད།
2022ལོར་སླེབས་སྐབས། ལྕགས་ལམ་སྡེ་ཚན་གྱི་འགན་ནུས་ལེགས་སྒྲིག་བྱས་པ་གཞིར་བཟུང་། འགྲུལ་པ་ཉིན་བཞིན་ཉུང་དུ་འགྲོ་བའི་ཆུ་ཤུར་རྫོང་བབས་ཚུགས་ཀྱིས་འགྲུལ་པ་སྐྱེལ་འདྲེན་གྱི་འགན་ནུས་མི་ཁུར་བར་འཕྲལ་སྡོམ་ལས་རེས་བབས་ཚུགས་སུ་བསྒྱུར་ཡོད།
འགྲུལ་པ་ཆུ་ཤུར་རྫོང་བབས་ཚུགས་ནས་མེ་འཁོར་ལ་འཛུལ་བའི་མཐའ་མཇུག་གི་རྣམ་པ་དེ་ཀྲའོ་ཡོན་ཧྲེང་གིས་ད་དུང་ཡང་དྲན་གྱི་ཡོད་ཅིང་། དེ་ནི་རྡོག་ཁྲེས་མང་པོ་འཁྱེར་བའི་བོད་རིགས་ཨ་མ་རྒན་མོ་ཞིག་གིས་ཕྲུ་གུ་ཁྲིད་དེ་མེ་འཁོར་ནང་འཛུལ་ཚུལ་དེ་རེད། དེ་དུས་བབས་ཚུགས་སུ་མུ་མཐུད་ལས་ཀ་བྱེད་བཞིན་པའི་ལས་མི་ཁ་ཤས་ཀྱིས་རྡོག་ཁྲེས་འཁྱེར་རོགས་བྱས་ནས་ཁོང་ཚོ་མེ་འཁོར་ནང་བསྐྱལ་ཡོད།
“ཨ་མ་རྒན་མོ་དེས་ཕྱིན་འབྱུང་ཐག་ཉེ་སར་ཕྱིན་ན་རླངས་འཁོར་དང་། ཐག་རིང་དུ་སྐྱོད་ཚེ་མྱུར་བགྲོད་ལྕཌ་ལམ་ཡོད་པས་དེ་དག་ཚང་མ་ལྗང་དབྱིབས་མེ་འཁོར་ལས་སྟབས་བདེ་བ་འདུག་ཅེས་བརྗོད་ཀྱི་འདུག དེ་དུས་བབས་ཚུགས་འདི་འགྲུལ་པ་སྐྱེལ་མཚམས་འཇོག་པར་ང་ཚོར་ཚོར་སྣང་ཟབ་མོ་བྱུང”ཞེས་ཀྲའོ་ཡོན་ཧྲེང་གིས་ཕྱིར་དྲན་བྱེད་བཞིན་དུ་བརྗོད།
ཆུ་ཤུར་རྫོང་བབས་ཚུགས་ཀྱིས་འགྲུལ་པ་དབོར་མཚམས་བཞག་ནའང་། ཀྲའོ་ཡོན་ཧྲེང་སྔར་བཞིན་ཆུ་ཤུར་རྫོང་བབས་ཚུགས་དང་ཁ་གྱེས་མེད། ན་ནིང་། ཧོ་ཝུན་ཀུའེ་འདི་གར་ལས་སྒྱུར་བྱས་པ་དང་། ཁོང་གཉིས་ཀྱིས་བབས་ཚུགས་ཆུང་ངུའི་གཉེར་སྐྱོང་དང་སྲུང་སྐྱོང་གི་ལས་འགན་རེས་མོས་ངང་འཁུར་གྱི་ཡོད།
“དགོང་མོར་མེ་འཁོར་གློ་བུར་དུ་སྐྱོད་པའི་འུར་སྒྲ་ཡོད་པ་མ་གཏོགས་སྐད་སྒྲ་གཞན་གང་ཡང་ཐོས་རྒྱུ་མེད། སྟོང་ལྷང་ལྷང་གི་བབས་ཚུགས་སུ་སྐད་ཆ་ཤོད་རོགས་བྱེད་མཁན་ཞིག་ཀྱང་མེད་པས་སྐབས་འགར་རང་ཉིད་ཀྱི་སྙིང་འཕར་བའི་སྒྲ་ཡང་ཐོས་ཀྱི་ཡོད། འོན་ཀྱང་ཡུན་རིང་འདིར་བསྡད་པས་ང་ཡང་གོམས་འདུག ངས་རང་ཉིད་ལ་མེ་འཁོར་བབས་ཚུགས་ཡག་པོ་སྲུང་དགོས་ཞེས་ཤོད་ཀྱི་ཡོད”ཅེས་ཧོ་ཝུན་ཀུའེ་ཡིས་བརྗོད།
ཁོང་ཚོའི་ངོས་ནས་བརྗོད་ན། ཁེར་རྐྱང་དང་ཡུལ་པོ་ནི་རྣམ་པར་རྒྱལ་དགོས་པའི་དགྲ་བོ་ཆེ་ཤོས་དེ་ཡིན་ཞིང་། ལས་རེས་བྱེད་སྐབས་ཀྱི་དུས་ཚོད་བསྐྱལ་ཆེད་ཁོང་ཚོས་ཀྱང་རང་ཉིད་ཀྱི་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་གང་ཐུབ་བྱེད་ཀྱི་ཡོད།
ཆུ་ཤུར་རྫོང་བབས་ཚུགས་ཀྱི་སྒོ་རའི་ནང་ཤིང་བཟོས་ཁྱིམ་ཆས་དང་རྒྱན་ཆས་མི་ཉུང་བ་ཞིག་སྤུངས་ཡོད་པ་འདི་དག་ནི་ཧོ་ཝུན་ཀུའེ་ཡི་ལས་ཞོར་གྱི་དགའ་ཕྱོགས་ཤིག་ཡིན་ཞིང་། སྐབས་འགར་བབས་ཚུགས་ཀྱི་ཉམས་གསོའི་ལས་ཀ་ཆུང་ཆུང་ཁ་ཤས་ཀྱང་ཁོང་གིས་བྱེད་ཀྱི་ཡོད། “བབས་ཚུགས་ཆུང་ངུ་ཡིན་པས་ལས་ཀ་མང་པོ་ཞིག་རང་ཉིད་ཀྱིས་བྱེད་དགོས་ཀྱི་འདུག”ཅེས་ཧོ་ཝུན་ཀུའེ་ཡིས་བརྗོད།
ཀྲའོ་ཡོན་ཧྲེང་ནི་རྩི་ཤིང་དང་མེ་ཏོག་གསོ་བར་དགའ་ཞིང་། སྒོ་རའི་ནང་མཐོ་དམན་མི་མཉམ་པའི་མེ་ཏོག་ཁོག་མ་དང་བྲེགས་ཟིན་པའི་འགྱིག་དམ་མང་པོ་བཞག་ཡོད་པའི་ནང་ཉི་འོད་འོག་སྐྱེ་འཚར་ཡག་པའི་སྔོ་ལྗང་རྩི་ཤིང་མང་པོ་ཡོད། “སྔོ་ལྗང་རྩི་ཤིང་དང་མེ་ཏོག་འདི་དག་མཐོང་སྐབས་ང་ལ་བབས་ཚུགས་ནང་དྲོ་སྐྱིད་ཀྱིས་ཁེངས་པའི་སྣང་བ་ཞིག་ཡོང་གི་འདུག”ཅེས་ཀྲའོ་ཡོན་ཧྲེང་གིས་བརྗོད།
མཚན་དགུང་དུ། ཁོང་ཚོས་ཀྱང་གྲོང་ཁྱེར་གྱི་འདུ་འཛི་དང་ཁྱིམ་གྱི་གཉེན་ཉེ་དྲན་ཞིང་། ཧོ་ཝུན་ཀུའེ་ཡིས“ཡིན་ནའང་ཕར་འགྲོ་ཚུར་འོང་བྱེད་པའི་མེ་འཁོར་བདེ་འཇགས་ངང་སྐྱོད་པ་མཐོང་སྐབས། ང་ཚོས་རང་ཉིད་ཀྱི་ལས་ཀ་ནི་བྱེད་རིན་ཡོད་པ་ཞིག་རེད་སྙམ་གྱི་འདུག”ཅེས་བརྗོད།