ཐེ་པེད་དང་དར་གྲུག་ལས་ཆགས་པའི་བརྩེ་བ།
—— ཤང་ཀང་རུ་ཁག་དང་བོད་ལྗོངས་རུ་ཁག་དབར་འགྲན་བསྡུར་བྱས་ནས་གྲོགས་པོ་སྒྲིག་པའི་སྐོར་བཀོད་པ།
འདི་ནི་རུ་ཁག་གཉིས་ཀྱི་མཉམ་པར་ཡིན་པ།
འདི་ནི་ཝུའེ་ཧྲེང་སེན་གྱིས་གསར་འགོད་པར་ཤང་ཀང་རུ་ཁག་གི་ལུས་རྩལ་པས་སྤྲད་པའི་ལག་རྟགས་སྟོན་བཞིན་པ།
ཟླ་11ཚེས་24ཉིན། རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཉིས་པའི་ཐེ་པེད་ཀྱི་སྐྱེས་པའི་མི་གསུམ་གྱི་ཚོགས་ཆུང་འགྲན་བསྡུར་དེ་ཧའེ་ནན་ཞིང་ཆེན་སན་ཡ་གྲོང་ཁྱེར་དུ་བྱས་ཤིང་། འདི་ནི་ཐེན་ཅིན་རུ་ཁག་དང་ཀོང་ཤིས་རུ་ཁག་གིས་འགྲན་བསྡུར་བྱེད་བཞིན་པ།
ཟླ་11ཚེས་23ཉིན། ཧའེ་ནན་ཞིང་ཆེན་སན་ཡཱ་གྲོང་ཁྱེར་དུ་གཉེར་བའི་རྒྱལ་ཡོངས་ཀྱི་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཉིས་པའི་སྐྱེས་པའི་ཤིང་གྲུག་ཚོགས་ཆུང་འགྲན་བསྡུར་གྱི་རེས་སྐོར་དང་པོའི་འགྲན་བསྡུར་ནང་མཚོ་སྔོན་རུ་ཁག་གིས་བསྡུར་གྲངས་1བསྡུར་0གྱི་ཐོག་ནས་ཁྲུང་ཆིང་རུ་ཁག་ལས་རྣམ་པར་རྒྱལ་ཞིང་། འདི་ནི་མཚོ་སྔོན་རུ་ཁག་གི་རུ་མི་མཆོད་བཤམས་རྒྱལ(གཡོན)གྱིས་འགྲན་བསྡུར་བྱེད་བཞིན་པ།
བསྡུར་གྲངས་མང་པོའི་ཧེ་བག་ཆོད་པ་ནས་ཕྱིས་སུ་ནོར་འཁྲུལ་རྐྱེན་གྱིས་ལེགས་ཆ་དེ་མེད་པར་གྱུར་པ་དང་། འགྲན་བསྡུར་ཧ་ཅང་འཁྲུག་པོ་བྱས་པ་ནས་མཐར་སྐར་གྲངས་ཁ་ཤས་ཀྱིས་ཤང་ཀང་རུ་ཁག་ལ་ཤོར་བའི་བར་བོད་ལྗོངས་རུ་ཁག་གི་ཐེ་པེད་ལུས་རྩལ་པའི་སེམས་ལ་དངངས་སྐྲག་ཆེན་པོ་བྱུང་ནའང་། འགྲན་བསྡུར་མཇུག་འགྲིལ་རྗེས། འགྲན་ཡའི་ལག་རྟགས་འབྱོར་བའི་སྐབས་སུ་འགྲན་བསྡུར་ལ་རྒྱལ་ཁ་མ་ཐོབ་ཀྱང་ཀུན་ལ་སེམས་གསོ་ཐེབས་ཡོད།
ཤང་ཀང་རུ་ཁག་དཔེ་མི་སྲིད་པའི་གྱོང་པོ་འདུག ཁོང་ཚོས་ད་དུང་ང་ཚོར་ལག་རྟགས་གྲ་སྒྲིག་བྱས་ཡོང་སྙམ་པ་བསམ་པའི་ཡུལ་ལའང་མེད། དངོས་གནས་དགའ་པོ་བྱུང་ཞེས་བོད་ཀྱི་རུ་ཁག་གི་ཐེ་པེད་ལུས་རྩལ་པ་ཝུའེ་ཧྲེང་སེན་གྱིས་གོས་ཐུང་གི་ཁུག་མའི་ནང་ནས་ཐེ་པེད་ཀྱི་འགེལ་ཆས་ཟིང་སྐྱ་སྤུས་རྟགས་ཤིག་བཏོན་ནས་གསར་འགོད་པར་བསྟན་པ་དང་སྦྲགས། རང་ཉིད་ཀྱིས་ལག་རྟགས་གྲ་སྒྲིག་བྱས་མེད་པར་བློ་ཕམ་ཆེན་པོ་བྱེད་ཀྱི་འདུག འགྲན་བསྡུར་མཇུག་འགྲིལ་རྗེས་ང་ཚོས་ཤང་ཀང་རུ་ཁག་དང་ཕན་ཚུན་སྐུལ་ལྕག་བྱེད་པའི་གཏམ་གླེང་མང་པོ་བྱས་པ་ཡིན། ད་དུང་ཁོང་ཚོ་དང་སྤེལ་རེས་བྱ་རྒྱུའི་གོ་སྐབས་ཡོང་རེ་བྱེད་ཀྱི་ཡོད”ཅེས་བཤད།
ཚེས་23ཉིན། རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཉིས་པའི(གཤམ་དུ“ལུས་རྩལ་འགྲན་ཚོགས”ཞེས་བསྡུ་རྒྱུ)ཐེ་པེད་ཀྱི་རྣམ་གྲངས་དེ་ཧའེ་ནན་སན་ཡཱ་ཀྲུང་རུའེ་གསོལ་མགྲོན་ཁང་དོ་དམ་ལས་རིགས་སློབ་གླིང་དུ་འགོ་ཚུགས་པ་དང་། སེམས་ཤུགས་ཆེ་བའི་བོད་ལྗོངས་རུ་ཁག་དང་བརྟན་ལ་བྱང་ཆུབ་པའི་ཤང་ཀང་རུ་ཁག་གཉིས་སྐྱེས་པའི་མི་གསུམ་གྱི་ཚོགས་ཆུང་འགྲན་བསྡུར་ནང་འཕྲད།
འགྲན་བསྡུར་མཇུག་འགྲིལ་རྗེས། ཕྱོགས་གཉིས་པོའི་རུ་མིས་སྤོ་ལོ་དྲ་བའི་ཕྱོགས་གཉིས་ནས་འཛུམ་དམུལ་དམུལ་ངང་ཐལ་མོ་བརྡེབས་པ་དང་། ཤང་ཀང་རུ་ཁག་གི་རུ་མིས་བོད་ལྗོངས་རུ་ཁག་གི་རུ་མིར་ལག་རྟགས་སྤྲད་ནས་ཕྱོགས་གཉིས་པོས་འཆམ་མཐུན་གྱི་མཉམ་པར་བརྒྱབ་པ་རེད།
ལུས་རྩལ་འགྲན་ཚོགས་ནང་ཞུགས་ཐེངས་དང་པོ་ཡིན་པ་དང་ལོ་26ལ་སླེབས་པའི་ཤང་ཀང་གི་ཕོ་གཞོན་ཧྥུང་ཀྲུའོ་ཞན་སེམས་འགུལ་ཆེན་པོ་ཐེབས་པ་དང་འགོ་ཚུགས་མཛད་སྒོར་ཁོང་ཧང་སངས་ཡོད། འགོ་ཚུགས་མཛད་སྒོ་གཟབ་རྒྱས་དེ་འདྲ་མཐོང་ཐེངས་དང་པོ་ཡིན། འགྲན་བསྡུར་གྱི་ཉམས་ལེན་ཡང་ཧ་ཅང་ཡག་པོ་བྱུང་། འདི་ནས་མྱུར་ཚད་མགྱོགས་ལ་སེམས་ཤུགས་ཆེ་བའི་ཚོར་སྣང་ཞིག་ཡོང་གི་འདུག ཀྲུང་ཧྭ་ཁྱིམ་ཚང་གཅིག་ལྟར་བརྩེ་བ་དང་ཐེ་པེད་ཀྱིས་ང་ཚོ་རྟག་ཏུ་ནང་སའི་གྲོགས་པོ་དང་སྤེལ་རེས་བྱེད་པའི་གོ་སྐབས་ཐོབ་པ་མ་ཟད། སྤོ་ལོ་རྒྱག་མཁན་ཁག་གཅིག་དང་ད་དུང་ཕན་ཚུན་འདྲིས་པོ་ཡོད”ཅེས་བརྗོད།
ཐེ་པེད་སློབ་ཁྲིད་དང་ལུས་ཟུངས་སྦྱོང་བརྡར་གྱི་རྩལ་ཁྲིད་པ་ཡིན་པའི་ཧྥུང་ཀྲུའོ་ཞན་གྱིས་ཤང་ཀང་དུ་ཐེ་པེད་རྒྱག་མཁན་མང་པོ་མེད་པ་དང་རྒྱུན་འཁྱོངས་ཐུབ་མཁན་དེ་བས་ཀྱང་ཉུང་ཉུང་ཡིན་པ་ཤེས། ཁོང་ཐེ་པེད་སྦྱངས་ནས་ལོ་བཅུ་བཞི་འགྲོ་ཡི་ཡོད་པ་དང་། ཐེ་པེད་ལ་དགའ་ཞེན་ཆེན་པོ་ཡོད་པས་ནང་སའི་ཐེ་པེད་རྒྱག་མཁན་དང་སྤེལ་རེས་བྱེད་པའི་གོ་སྐབས་ལ་གཅེས་སྤྲས་ཆེན་པོ་བྱེད་ཀྱི་ཡོད། ང་ཚོའི་རུ་ཁག་ནང་ངའི་དེ་སྔའི་དགེ་རྒན་ཡོད་ལ་ངའི་སློབ་ཕྲུག་ཀྱང་ཡོད་པ་དེ་ནི་རྒྱུན་འཛིན་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་ཅེས་བཤད།
ཀྲོང་རིགས་ཀྱི་ལུས་རྩལ་པ་ཝུའེ་ཧྲེང་སེན་གྱི་ངོས་ནས་བརྗོད་ན། ལུས་རྩལ་འགྲན་ཚོགས་ཀྱི་དོན་སྙིང་ཡང་འགྲན་བསྡུར་ཁོ་ན་གཏན་ནས་མ་ཡིན། འགོ་ཚུགས་མཛད་སྒོར《ལིའུ་སན་ཅེ》ཞེས་པའི་འབྲེལ་ཡོད་འཁྲབ་སྟོན་མཐོང་སྐབས་ཁོང་གི་སེམས་ནང་སྤོབས་པ་ཆེན་པོ་སྐྱེས་ཡོད། ལུས་རྩལ་འགྲན་ཚོགས་ལས་ཀྲོང་རིགས་ཀྱི་ཁྱད་ལྡན་རིག་གནས་མི་དེ་བས་མང་བས་མཐོང་ཡོད། ང་ཚོས་མི་རིགས་གཞན་དག་མང་པོའི་ཕུལ་བྱུང་རིག་གནས་ཀྱང་མཐོང་བྱུང་། དེ་ལས་ང་ཚོའི་མི་རིགས་ལྔ་བཅུ་ང་དྲུག་གི་མཐུན་སྒྲིལ་དང་སྟོབས་ཤུགས་ཆེན་པོ་ཐད་ཀར་ཚོར་གྱི་འདུག ཚོར་སྣང་དེ་ནི་གཏམ་གླེང་གི་ཐོག་ནས་བརྗོད་ཐབས་བྲལ་བ་ཞིག་རེད་ཅེས་བཤད།
མ་གཞི་ཤང་ཀང་རུ་ཁག་དང་སྤེལ་རེས་བྱེད་ཐེངས་དང་པོ་ཡིན་མོད། འོན་ཀྱང་ཝུའེ་ཧྲེང་སེན་གྱིས་དེ་གོང་རྟག་ཏུ་ཁོང་ཚོའི་འགྲན་བསྡུར་གྱི་བརྙན་ལམ་ལ་ལྟ་སྦྱོང་བྱེད་ཀྱི་ཡོད་པས་རྒྱུས་མངའ་མེད་པ་མ་རེད། ཤང་ཀང་རུ་ཁག་གིས་བརྟན་པོའི་ཁྲོད་ནས་རྒྱལ་ཁ་ཐོབ་རེ་བྱེད་ཀྱི་ཡོད་པས་ང་ཚོར་དངངས་སྐྲག་ཆེན་པོ་བཟོས་བྱུང་། འོན་ཀྱང་སྟེས་དབང་རང་བཞིན་ནི་རྩལ་འགྲན་ལུས་རྩལ་གྱི་ཡིད་དབང་འཕྲོག་ས་དེ་རེད་ཅེས་བཤད།
འགྲན་བསྡུར་ལ་རྒྱལ་ཁ་ཐོབ་མེད་པ་དང་བསྡུར་ན། ཤང་ཀང་རུ་ཁག་ལ་ལག་རྟགས་གྲ་སྒྲིག་མ་བྱས་པ་དེར་ཝུའེ་ཧྲེང་སེན་དེ་བས་བློ་ཕམ་ཆེན་པོ་སྐྱེས་ཡོད། ཁོང་དང་རུ་མི་རྣམས་ཀྱིས་འགྲན་བསྡུར་གྱི་དུས་ཚོད་ནང་གོ་སྐབས་བཙལ་ཏེ་ཤང་ཀང་རུ་ཁག་གི་རུ་མིར་དར་གྲུག་ལག་རྟགས་སྤྲོད་རྒྱུའི་ཐག་བཅད། དར་གྲུག་ནི་དེ་སྔ་ཀྲོང་རིགས་ཀྱི་བུ་དང་བུ་མོ་དགའ་རོགས་སྒྲིག་སྐབས་ཀྱི་དཔང་རྟེན་ཡིན་པ་དང་། ད་ཆ་མངོན་མིན་རིག་གནས་ཤུལ་བཞག་ཏུ་གྱུར་ནས་ཀྲོང་རིགས་རིག་གནས་ཀྱི་ནང་དོན་ཕུན་སུམ་ཚོགས་པའི་བཀྲ་ཤིས་མཚོན་རྟགས་ཤིག་རེད།
ཝུའེ་ཧྲེང་སེན་གྱིས“ད་ཐེངས་ཀྱི་ལུས་རྩལ་འགྲན་ཚོགས་འདིས་ང་ཚོ་མི་རིགས་ལྔ་བཅུ་ང་དྲུག་མཉམ་དུ་འཛོམས་ནས་ཕན་ཚུན་སྤེལ་རེས་བྱེད་པའི་གོ་སྐབས་ཐོབ་པ་དེའང་དོན་སྙིང་ཧ་ཅང་ཆེན་པོ་ལྡན་པའི་བྱ་བ་ཞིག་རེད”ཅེས་བཤད།