《འབྲི་ཆུ་རྒྱུག་ཁུལ་གྱི་སྐྱེ་དངོས་སྣ་མང་རང་བཞིན་གྱི་ཁྲིམས་འཛིན་སྲུང་སྐྱོང་ལ་ཤུཌ་སྣོན་རྒྱག་པའི་སྐོར་གྱི་གྲོས་འདོན་ཡི་གེ》བཀྲམ་པ།
ཚེས་23ཉིན། སྐབས་གསུམ་པའི་འབྲི་ཆུ་སྲུང་སྐྱོང་གི་ཁྲིམས་འཛིན་གླེང་སྟེགས་ཧུའུ་པེའི་ཝུའུ་ཧན་དུ་འཚོགས་པ་རེད། འགོ་ཚུགས་མཛད་སྒོའི་ཐོག་ཧྲང་ཧའེ་དང་། ཅང་སུའུ། ཨན་ཧུའེ། ཅང་ཤིས། ཧུའུ་པེ། ཧུའུ་ནན། ཁྲུང་ཆིང་། སི་ཁྲོན། ཡུན་ནན། བོད་ལྗོངས། མཚོ་སྔོན་བཅས་ཞིང་ཆེན་11གི་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་མཉམ་འབྲེལ་ཐོག་གྲོས་འགོ་བཏོན་པ་དང་ཚོགས་ཞུགས་ཕྱོགས་ཁག་གིས་ཐུན་མོང་ཐོག་ཞུགས་པའི《འབྲི་ཆུ་རྒྱུག་ཁུལ་གྱི་སྐྱེ་དངོས་སྣ་མང་རང་བཞིན་གྱི་ཁྲིམས་འཛིན་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པའི་སྐོར་གྱི་གྲོས་འདོན་ཡི་གེ》དངོས་སུ་བཀྲམ་པ་རེད།
འབྲི་ཆུ་ནི་ཀྲུང་ཧྭ་མི་རིགས་ཀྱི་མ་ཡུམ་གཙང་པོ་ཡིན་པ་དང་སྐྱེ་དངོས་སྣ་མང་རང་བཞིན་དང་སྐྱེ་ཁམས་དོ་སྙོམས་ཡོང་བ་དང་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་འགན་ལེན་སོགས་ལ་ནུས་པ་གལ་ཆེན་ཐོན་གྱི་ཡོད། གྲོས་འདོན་ཡི་གེ་ནང་བཏོན་དོན། བློ་སེམས་གཅིག་སྒྲིལ་གྱིས་ཁྲིམས་འཛིན་གྱི་ལྕགས་རི་རིང་པོ་བརྟན་པོ་བསྐྲུན་པ་དང་། སྐྱེ་དངོས་ཐམས་ཅད་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱེད་པ། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་མངོན་འགྱུར་ཧུར་ཐག་བྱེད་པ་བཅས་ནི་འབྲི་ཆུ་རྒྱུག་ཁུལ་གྱི་རིམ་ཁག་མི་དམངས་ཁྲིམས་ཁང་གི་ཐུན་མོང་གི་ཁ་ཚ་དགོས་གཏུགས་ཀྱི་ལས་འགན་ཞིག་རེད། རང་བྱུང་ཁམས་ལ་བརྩི་འཇོག་དང་། རང་བྱུང་ཁམས་ལ་བསྟུན་པ། རང་བྱུང་ཁམས་ལ་སྲུང་སྐྱོང་བཅས་ཀྱི་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་འཛིན་དགོས། ཁྲིམས་སྐྱོང་ནན་ཤོས་ལག་ལེན་བསྟར་ནས་ལམ་ལུགས་ནན་ཤོས་དང་ཁྲིམས་སྐྱོང་ནན་ཤོས་ལ་བརྟེན་ཏེ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་མཐའ་འཁྱོངས་བྱེད་དགོས། ཁོར་ཡུག་བཅོས་སྐྱོང་གི་རྣམ་པ་གསར་པ་བཏོད་དེ་འབྲི་ཆུ་རྒྱུག་ཁུལ་གྱི་རི་ཆུ་གཅིག་ཏུ་སྦྲེལ་བ་དང་སྐྱེ་ཁམས་མ་ལག་གཞི་གཅིག་ཅན་གྱི་ཁྱད་ཆོས་ཁོང་དུ་ཆུད་པར་བྱས་ནས་རྒྱུག་ཁུལ་ཁྲིམས་ཁང་དབར་གྱི་ཁྲིམས་འཛིན་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས། ཁྲིམས་འཛིན་སྲུང་སྐྱོང་རྟེན་གཞི་མཉམ་སྐྲུན་མཉམ་སྤྱོད་དང་། ཁོར་ཡུག་ཁྲིམས་འཛིན་ཞིབ་འཇུག་གཏིང་ཟབ། ཁོར་ཡུག་ཁྲིམས་སྐྱོང་དྲིལ་བསྒྲགས་བཅས་བྱས་ཏེ། འབྲི་ཆུ་རྒྱུག་ཁུལ་གྱི་སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོང་བྱེད་པར་ཁྲིམས་འཛིན་ཞབས་ཞུ་དང་འགན་ལེན་སྔར་བས་ནུས་ལྡན་བྱེད་དགོས།