ལས་གྲྭ་གལ་ཆེན་སྟེ་མཚོ་བོད་ལྕགས་ལམ་ལ་སྐོར་བལྟ་བྱེད།
བདེ་སྐྱིད་ཕྱོགས་སུ་སྐྱོད་པའི་ལྗང་མདོག“མཁའ་ལམ”
མཚོ་བོད་ལྕགས་ལམ་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ནས་འགོ་བཙུགས་པ་དང་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་ནས་མཇུག་འགྲིལ་ཡོད། སྤྱིའི་རིང་ཚད་ལ་སྤྱི་ལེ་1956ཡོད་པས“མཁའ་ལམ”ཞེས་སུ་གྲགས་པ་དང་དེ་ནི་རང་རྒྱལ་གྱི་དུས་རབས་གསར་པའི་ལས་གྲྭ་ཆེན་པོ་བཞིའི་གྲས་ཤིག་རེད། 2006ལོའི་ཟླ་7ཚེས་1ཉིན། མཚོ་བོད་ལྕགས་ལམ་གྱི་ལམ་ཐིག་ཧྲིལ་པོར་མེ་འཁོར་ཤར་གཏོང་ཐུབ་ནས་གཉེར་སྐྱོང་བྱེད་འགོ་ཚུགས་པས་བོད་དུ་ལྕགས་ལམ་མེད་པའི་ལོ་རྒྱུས་མཇུག་འགྲིལ་ཡོད།
ཀྲུང་གོ་ལྕགས་ལམ་ཅུས་ཉེར་གཅིག་པའི་ཀུང་སི་ལྔ་པའི་ཏང་ཨུད་ཀྱི་ཧྲུའུ་ཅི་དང་ལག་བསྟར་ཏུང་ཧྲི་ལུའུ་ཁྲང་ཏེས“ལྕགས་ལམ་སྐྲུན་པའི་བརྒྱུད་རིམ་ནང་གཙོ་བོ‘ལོ་མང་གི་འཁྱགས་ས་དང་། མཐོ་གྲང་གསོ་རླུང་མི་འདང་བ། སྐྱེ་ཁམས་ཉམས་ཞན’བཅས་འཛམ་གླིང་རང་བཞིན་གྱི་ལས་གྲྭའི་དཀའ་གནད་ཆེན་པོ་གསུམ་འཕྲད་ཡོད། འཛུགས་སྐྲུན་པ་ཚོས་གནམ་གཤིས་ཀྱི་ཆ་རྐྱེན་ཧ་ཅང་ཞན་པར་ཁ་གཏད་གཅོག་དགོས་པ་མ་ཟད། ད་དུང་ཨར་ལས་བྱེད་རིང་ས་མཐོའི་ཉམས་ཞན་གྱི་སྐྱེ་ཁམས་ཁོར་ཡུག་ལ་གཏོར་བཤིག་མི་ཕོག་པའི་འགན་ལེན་ཡང་བྱེད་དགོས་ཀྱི་ཡོད”ཅེས་ཕྱིར་དྲན་བྱེད་བཞིན་བཤད། ཁོང་ནི་དེ་སྔ་མཚོ་བོད་ལྕགས་ལམ་གྱི་ཚད་ལྡན་དུམ་བུ་24པའི་རྣམ་གྲངས་ཀྱི་ཅིང་ལི་ཡིན་པ་དང་། ཚད་ལྡན་དུམ་བུ་དེ་ས་བབ་མཐོ་ལ་གྲང་ངར་ཆེ་བའི་ནག་ཆུ་གྲོང་ཁྱེར་གསེར་གཞོང་རི་བོར་གནས་པ་དང་ས་བབ་མཐོ་ཚད་སྨི་4650ཟིན་ཞིང་། གནམ་གཤིས་དང་སྐྱེ་ཁམས་ཁོར་ཡུག་ཧ་ཅང་ཞན་པོ་ཡོད།
རྒྱལ་ཁབ་ཀྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་མཐོང་ཆེན་པོ་བྱེད་པ་དེ་ལུའུ་ཁྲང་ཏེའི་སེམས་སུ་གསལ་པོར་ངེས་ཡོད། “དུམ་བུ་24ཡི་ནང་འཛུགས་སྐྲུན་པ་ཚོས་ཨར་ལས་ཁུལ་གྱི་སྤང་གྲུ་བཞི་དང་གྲུ་བཞི་གཏུབ་ཏེ་ས་རྒྱུ་དང་མཉམ་དུ་བདག་སྐྱོང་ཁུལ་དུ་འབོར་ནས་ལམ་གཞི་བསྐྲུན་ཟིན་རྗེས་སླར་ཡང་རི་ལྡེབས་སུ་སྤོས་ནས་སླར་གསོ་ཡོང་བར་བྱས་ཡོད། ལུའུ་ཁྲང་ཏེས་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ནན་པོ་འཛུགས་སྐྲུན་གྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ཡོད། ཨར་ལས་མ་བྱས་གོང་གི་ཁོར་ཡུག་སྲུང་སྐྱོང་གི་འཆར་འགོད་ཞིབ་ཕྲ་ཕུད། ཨར་ལས་བྱེད་རིང་ཁོར་ཡུག་སྲུང་སྐྱོང་གི་བྱ་ཐབས་མང་པོ་སྤྱོད་པ་དང་ལས་གྲྭ་མཇུག་འགྲིལ་རྗེས་ད་དུང་སྐྱེ་ཁམས་སླར་གསོ་ཐུབ་པ་བྱེད་ཀྱི་ཡོད་ཅེས་བཤད།
གཞན་ཡང་ཨར་སྐྲུན་ཕྱོགས་ཀྱིས་ཨར་སྐྲུན་གྱི་སྟབས་བདེའི་ལམ་བུར་བཀག་འདོམས་རྣམ་པའི་དོ་དམ་བྱེད་པ་དང་བཟོ་རྩལ་ལ་བརྟེན་ནས་ལམ་གཟར་ལེགས་བཅོས་སོགས་ཀྱི་བྱ་ཐབས་སྤྱད་དེ་སྤང་ས་བཟུང་ཚད་ཉུང་དུ་གཏོང་གང་ཐུབ་བྱེད་ཀྱི་ཡོད། མཚོ་བོད་ལྕགས་ལམ་སྐྲུན་རིང་རི་སྐྱེས་སྲོག་ཆགས་ལ་གནས་སྤོའི་ལམ་བུ་ཐོག་མར་བཏོད་ཡོད། མིག་སྔར་མཚོ་བོད་ལྕགས་ལམ་ལམ་རྒྱུད་དུ་སྤྱི་ལེ་52ཡོད་པའི་རི་སྐྱེས་སྲོག་ཆགས་ཀྱི་བགྲོད་ལམ་26ཡོད་པ་དེས་རི་སྐྱེས་སྲོག་ཆགས་གནས་སྤོ་བདེ་བླག་ཡོང་བའི་འགན་ལེན་དང་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཐུབ་པར་སྐུལ་འདེད་གཏོང་གི་ཡོད་པ་རེད།
མཚོ་བོད་ལྕགས་ལམ་ཤར་གཏོང་ཐུབ་ནས་གཉེར་སྐྱོང་བྱས་ཏེ་ལོ་18སོང་རིང་། ཁོར་ཡུག་སྲུང་སྐྱོང་གི་བྱ་ཐབས་ཁག་རྒྱུན་ཆད་མེད་པར་རིམ་སྤོར་བྱུང་ཡོད། ཀྲུང་གོ་ལྕགས་ལམ་མཚོ་བོད་ཚོགས་པ་ཚད་ཡོད་ཀུང་སིའི་འཆར་འགོད་བསྡོམས་རྩིས་པུའི་སྐྱེལ་འདྲེན་འཆར་གཞི་ཁོའོ་ཡི་བཟོ་བཀོད་པ་ཀྲང་ཚའེ་ཧུང་གིས་བཙོག་ཆུ་བཅོས་སྒྲིག་ཐད་མཚོ་བོད་ཚོགས་པ་ཀུང་སིས་གསར་སྐྲུན་རྣམ་གྲངས་སྤྱི་འདོམས་ས་ཚིགས་ཁུལ་འཆར་འགོད་དང་གྲོང་ཁྱེར་འཆར་འགོད་ཟུང་འབྲེལ་བྱས་ཏེ་མ་དངུལ་སྒོར་ཁྲི་1818བཏང་ནས་འབྲེལ་ཡོད་ས་ཚིགས་ཁུལ་དང་དུམ་བུའི་བཙོག་ཆུ་ཕྱིར་འབུད་དེ་གྲོང་ཁྱེར་གྱི་བཙོག་ཆུའི་མདོང་ལམ་དྲ་བ་དྲ་སྦྲེལ་སྒྱུར་བཀོད་ནང་བཅུག་ཡོད། རླངས་རོ་བཅོས་སྒྲིག་ཐད། རྡོ་སོལ་ཁྲོ་ཐབ་འབྱུང་རྩ་ནས་བཅོས་སྒྲིག་བྱེད་པའི་ཆུ་ཚད་མཐོ་རུ་བཏང་སྟེ་གློག་འཚམ་སར་གློག་དང་སོལ་རླངས་འཚམ་སར་སོལ་རླངས་སྤྱོད་པའི་རྩ་དོན་གཞིར་བཟུང་། ཡུལ་བབ་དང་བསྟུན་ནས་ནུས་རྒྱུ་གཙང་མ་དང་གཅིག་སྡུད་དྲོད་རླངས་མཁོ་འདོན་གྱིས་ཚབ་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱད་ཡོད། སྲ་གཟུགས་ཟོག་རོ་བཅོས་སྒྲིག་ཐད། ཕྱིའི་ཁོར་ཡུག་བཅོས་སྒྲིག་ལས་དོན་དང་ཟུང་འབྲེལ་བྱས་ཏེ་དུས་བཀག་ལྟར་ལམ་གཡས་གཡོན་གྱི་འགོག་སྲུང་ར་སྐྱོར་ནང་གི་སྤོས་འགྱིག་ཟོག་རོ་གཙང་བཤེར་དང་། ལྕགས་ལམ་དང་འབྲེལ་གཏུག་དྲ་ངོས་ཀྱི་འཕྱོ་དངོས་ཡང་མོ་་གྲལ་བཤེར། ས་ངོས་འགྱིག་ཤོག་སྲབ་མོ་གཙང་སེལ་སོགས་ཀྱི་ལས་དོན་སྤེལ་ནས། ལོ་ལྟར་ཉེན་ཡོད་ཟོག་རོ་གཙང་སེལ་གསོ་སྦྱོང་དང་ཐོལ་བྱུང་ཁོར་ཡུག་དོན་རྐྱེན་གྱི་འཕྲལ་སྡོམ་ནང་སྦྱོང་བྱེད་ཀྱི་ཡོད།
མཚོ་བོད་ལྕགས་ལམ་ནི་སྐྱེ་ཁམས་ཀྱི་ལམ་བུ་ཞིག་དང་བདེ་སྐྱིད་ཀྱི་ལམ་བུ་ཞིག་རེད། ཀྲང་ཚའེ་ཧུང་གིས“ལྕགས་ལམ་སྐྲུན་པའི་བརྒྱུད་རིམ་ནང་ས་གནས་དེ་གའི་མང་ཚོགས་ཀྱིས་རྒྱབ་སྐྱོར་བྱས་ཏེ་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་པས་ཁོང་ཚོར་འབབ་འཕར་ཡོང་བར་སྣེ་ཁྲིད་ཐུབ་ཡོད། ལྕགས་ལམ་ཤར་གཏོང་ཐུབ་ནས་སྐྱེལ་འདྲེན་ལས་གཉེར་བྱས་རྗེས་ཚང་མའི་འགྲོ་སྐྱོད་ལ་དེ་བས་སྟབས་བདེ་བྱུང་བ་དང་ལྕགས་ལམ་ལམ་རྒྱུད་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་ཐེབས་ཡོད། མཚོ་བོད་ལྕགས་ལམ་བསྐྲུན་ཟིན་རྗེས་དར་གོས་ལམ་བུ་དང་བོད་ལྗོངས་སྦྲེལ་མཐུད་ཐུབ་ནས་ཡུལ་སྐོར་གྱི་ལམ་ཐིག་སྤུས་ལེགས་གསར་པ་ཞིག་ཏུ་གྱུར་ཏེ་བོད་ཀྱི་ཡུལ་སྐོར་ལས་རིགས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་ཡོད”ཅེས་བཤད།
(དཔལ་འབྱོར་ཉིན་རེའི་ཚགས་པར་ཐོག་ནས་བརྒྱུད་འགོད་བྱས)