“ཕར་འགྲོ་ཚུར་འོང”ལས་མཐའ་མཚམས་ཚོང་འགྲུལ་གྱི་དར་རྒྱས་ཆེན་པོ་མངོན་པ།
—— རང་ལྗོངས་ཀྱི་མཐའ་མཚམས་ཚོང་འགྲུལ་གྱིས“འཁོར་སྐྱོད་ཟུང་ལྡན”གྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བའི་སྐོར་བཀོད་པ།
སྒོ་དབྱེའི་བོད་ལྗོངས། ལས་དར་གྱི་ས་ཞིང་གཤིན་པོ།
བོད་འདི་ཉིད་རང་རྒྱལ་གྱི་ཨེ་ཤེ་ཡ་ལྷོ་མར་སྒོ་མོ་དབྱེ་བའི་བགྲོད་ལམ་གལ་ཆེན་ཞིག་ཡིན་པ་དེས་རྒྱལ་ཁབ་ཀྱི་ཕྱི་ཕྱོགས་སྒོ་དབྱེའི་འཐབ་ཇུས་ལ་ནུས་པ་གལ་ཆེན་འདོན་གྱི་ཡོད།
འདི་ལོའི་ཟླ་5ཚེས་1ཉིན་ནི་འགྲམ་འགག་སྒོས་ནེ་པ་ལར་ཕྱིར་གཏོང་ནང་འདྲེན་གྱི“ཕྱོགས་གཉིས་ཟོག་འདྲེན”སླར་གསོ་བྱས་ནས་ལོ་གཅིག་འཁོར་བའི་ཉིན་ཞིག་རེད། ཟླ་4ཚེས་30ཉིན་བར། འགྲམ་འགག་སྒོའི་ཕྱིར་གཏོང་ནང་འདྲེན་དངོས་ཟོག་གི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་24.4དང་དངོས་ཟོག་བསྡོམས་འབོར་ཏུན་ཁྲི་9.6ཟིན་ཡོད་པ་རེད།
ཟླ་8ཚེས་1ཉིན། གཞིས་རྩེའི་རྒྱལ་སྤྱིའི་སྐམ་སའི་གྲུ་ཁའི་ཕྱིར་གཏོང་དངོས་ཟོག་ཞིབ་བཤེར་བྱ་ཡུལ་ཁྲལ་སྡོམ་སྤྱོད་འགོ་ཚུགས་ཡོད། ཉིན་དེར་དངོས་ཟོག་སྣ་ཚོགས་བྱུར་བུར་བླུགས་པའི་དོས་སྒམ་སྐྱེལ་འདྲེན་རླངས་འཁོར་དེ་ནས་ཐོན་ཏེ་འགྲམ་དང་སྐྱིད་གྲོང་འགག་སྒོ་བརྒྱུད་ནེ་པ་ལའི་ཕྱོགས་སུ་བསྐྱོད།
འདི་ལོའི་དབྱར་ཁར། ལྷ་ས་གོང་དཀར་གནམ་ཐང་འདི་ཉིད་ལྷ་ས་གོང་དཀར་རྒྱལ་སྤྱིའི་གནམ་ཐང་ལ་མིང་བསྒྱུར་བྱས། མིང་བསྒྱུར་བ་དང་རིམ་སྤོར་བྱས་པ་དེས་ལྷ་སའི་རྒྱལ་སྤྱིའི་མཁའ་འགྲུལ་གྱི་སྐད་གྲགས་ཆོད་ཚད་དང་། འགྲན་རྩོད་ནུས་པ། ཤུགས་རྐྱེན་ཐེབས་ཤུགས་བཅས་སྔར་བས་ཆེ་རུ་ཕྱིན་ནས། བོད་ཀྱིས་ཕྱི་ཕྱོགས་སུ་སྒོ་མོ་དབྱེ་རྒྱ་སྔར་བས་ཆེ་རུ་གཏོང་བ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཕན་པ་ཐོབ་རྒྱུ་རེད།
གྲངས་གཞི་ལས་མངོན་པར། འདི་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར། བོད་ཀྱི་ཕྱི་ཕྱོགས་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་84.36ཟིན་ནས་དུས་མཚུངས་ལས་10.2%འཕར་ཡོད་པ་རེད།
རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་འཚོགས་ཚུན། ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་བོད་ཀྱི་དོན་དངོས་ལ་གཞི་ཚུགས་པ་དང་ས་ཁོངས་ཀྱི་ལེགས་ཆ་བཏོན་ཏེ། སྒྱུར་བཅོས་ཟབ་གཏོང་དང་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བར་སྐུལ་འདེད་བཏང་ཡོད། གཞིས་རྩེའི་རྒྱལ་སྤྱིའི་སྐམ་སའི་གྲུ་ཁ་ཧུར་ཐག་བསྐྲུན་རྒྱུ་སོགས་སྐོར་གྱི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་གཞིར་བཟུང་། རང་ལྗོངས་ཀྱིས་རྒྱལ་ཁབ་ཀྱི་སྒོ་དབྱེའི་སྤྱི་ཡོངས་ལ་རང་འགུལ་ངང་ཞབས་འདེགས་དང་མཉམ་འདྲེས་བྱས་ཏེ། མཐའ་མཚམས་འགག་སྒོ་འཛུགས་སྐྲུན་ལ་ཤུགས་སྣོན་ཟམ་མི་ཆད་པར་རྒྱག་པ་དང་། མཐའ་མཚམས་ཚོང་དོན་གསར་གཏོད་འཕེལ་རྒྱས་དང་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད། ཆུ་ཚད་མཐོ་བའི་སྒོ་དབྱེར་བརྟེན་ནས་མཐའ་མཚམས་ཚོང་དོན་ཟོག་འགྲུལ་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་བཏང་ཡོད།
འཁྲུག་ཆ་དོད་པའི་འགག་སྒོ།
མཐའ་མཚམས་ཚོང་དོན་ཟོག་འགྲུལ་ཐོན་ལས་འཕེལ་རྒྱས་ཀྱི་ནུས་པ་ཆེ་རུ་ཕྱིན་པ།
ད་ལོའི་ཟླ་4པར། འཛིན་པ་གྲོང་ཚོའི་ཀུ་ཤུ་ཏུན་20ལྷག་ཙམ་བླུགས་པའི་ཟོག་འདྲེན་རླངས་འཁོར་སྐྱིད་གྲོང་འགག་སྒོ་བརྒྱུད་ནེ་པ་ལར་བསྐྱོད་པ་དེ་ཐོག་ནས་བོད་ཀྱི་རང་ས་རང་ཡུལ་གྱི་ཤིང་འབྲས་ཕྱིར་གཏོང་བྱེད་ཐེངས་དང་པོ་ཡིན་པ་མཚོན་ཡོད། ཟླ་6པའི་ཟླ་མཇུག་ཏུ་ས་བབ་མཐོ་ཚད་སྨི་4500ཡན་དུ་སྐྱེ་འཕེལ་བྱུང་བའི་ས་མཐོའི་ལུག་ཁྱུ་ལེགས་རྩེ་འགག་སྒོ་བརྒྱུད་བདེ་བླག་ངང་ཕྱིར་བཏང་ཡོད།
ད་ལོ་རང་ལྗོངས་ཀྱིས་མ་དངུལ་སྒོར་དུང་ཕྱུར་3.5བཏང་བའི་འགག་སྒོ་འཛུགས་སྐྲུན་རྣམ་གྲངས་ཁག་10ཚང་མ་ལས་མཇུག་འགྲིལ་པ་དེས་འགག་སྒོའི་ཕྱོགས་བསྡུས་ཞབས་ཞུའི་ནུས་པ་ཆེ་རུ་ནུས་ལྡན་ཕྱིན་པ་དང་། འགག་སྒྲོལ་སྟབས་བདེ་ཅན་ལ་སྐུལ་འདེད་རྒྱུན་མཐུད་བཏང་བ། འགག་སྒོའི་དངོས་ཟོག་ཕྱིར་གཏོང་ནང་འདྲེན་གྱི་འགག་སྒྲོལ་དུས་ཚོད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད་པ་རེད། དེ་དང་ཆབས་ཅིག ད་ལོ་རང་ལྗོངས་ཀྱིས་ཆེད་དོན་མ་དངུལ་སྒོར་ཁྲི་1600ལྷག་ཙམ་བཏང་ནས་ལྷ་སའི་རྒྱལ་སྒྲོལ་དྲ་ཐོག་ཚོང་དོན་ཕྱོགས་བསྡུས་ཚོད་ལྟ་ཁུལ་དང་། དེ་བཞིན་ཕྱི་རྒྱལ་མཛོད་ཀྱི་རྣམ་གྲངས་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་པ་དང་། ནེ་པ་ལའི་ཕྱི་རྒྱལ་མཛོད་དང་ལྷ་ས་གྲོང་ཁྱེར་གྱི་རྒྱལ་སྒྲོལ་དྲ་ཐོག་ཚོང་དོན་འགྲེམས་སྟོན་ལྟེ་གནས་ཁག་བཞི་བསྐྲུན་ཟིན་ཏེ་གཉེར་སྐྱོང་བྱེད་འགོ་ཚུགས་ཡོད།
འགག་སྒོའི་འགག་སྒྲོལ་ཞབས་ཞུའི་ཕན་ནུས་ཆེ་རུ་ཕྱིན་པ་དང་མཐའ་མཚམས་ཚོང་དོན་ཟོག་འགྲུལ་ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་པ་དེ་ནི་འཁྲུག་ཆ་དོད་པའི“ཕྱོགས་གཉིས་ཀྱི་འགྲུལ་བཞུད”དང་མཚུངས། ད་ལོ་རང་ལྗོངས་ཀྱིས《བོད་རང་སྐྱོང་ལྗོངས་ཀྱི་སྲོལ་རྒྱུན་གྱི་མཐའ་མཚམས་ཚོང་དོན་ས་ཚིགས་ཀྱི་དོ་དམ་བྱ་ཐབས》ལག་ལེན་བསྟར་ནས་ནེ་པ་ལ་ཕྱོགས་པའི་སྲོལ་རྒྱུན་གྱི་མཐའ་མཚམས་ཚོང་དོན་ས་ཚིགས་14སྒོ་མོ་དབྱེ་རྒྱུ་སླར་གསོ་བྱས་ཡོད། ཟླ་1ནས་9པའི་བར། མཐའ་མཚམས་ཀྱི་གྲངས་ཉུང་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན་སྒོར་དུང་ཕྱུར་26.15ཟིན་པ་དེ་དུས་མཚུངས་ལས་48.1%འཕར་བ་དང་། མཐའ་མཚམས་མི་སེར་གྱི་ཚོང་ཟོག་ཚོང་དོན་གྱི་བསྡོམས་འབོར་སྒོར་དུང་ཕྱུར་0.34ཟིན་པ་དེ་དུས་མཚུངས་ལས་32.3%འཕར་ཡོད། ལྗོངས་ཡོངས་ཀྱི་འགག་སྒོའི་འགག་སྒྲོལ་དངོས་ཟོག་དབོར་ཚད་ཏུན་ཁྲི་13.83ཟིན་པ་དེ་དུས་མཚུངས་ལས་44.9%འཕར་ཡོད་པ་རེད།
ནང་བགྲོད་ཕྱི་འབྲེལ།
“འཁོར་སྐྱོད་ཟུང་ལྡན”གྱི་རྣམ་པའི་ཁྲོད་ཞབས་ཞུ་མཉམ་འདྲེས་ཐུབ་པ།
མཐའ་མཚམས་ཚོང་དོན་ཟོག་འགྲུལ་ལས་རིགས་ནི་ལྗོངས་ནང་ཁུལ་གྱི་ཟོག་འགྲུལ་ལས་རིགས་ཀྱི་རང་ངོས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་རང་སྐྱོང་ལྗོངས་ཀྱི་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་གྱི་དགོས་མཁོ་ཡིན་ལ། ལྗོངས་ནང་ཁུལ་གྱི་ཐོན་ལས་གཞན་དག་ལེགས་སྒྲིག་དང་འཕེལ་རྒྱས་ལ་ཞབས་ཞུ་འདེགས་སྐྱོར་དང་། ལས་ཞུགས་རྒྱ་ཆེར་གཏོང་བ་དང་འཛད་སྤྱོད་མང་དུ་གཏོང་བ་བཅས་ཀྱི་དགོས་མཁོ་ཡིན་པ་མ་ཟད། ས་མཐོའི་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་རྨང་གཞིའི་རང་བཞིན་དང་འགག་རྩའི་རང་བཞིན་གྱི་ཐོན་ལས་ཤིག་བཅས་རེད།
བོད་ཀྱིས་ཐོན་རྫས་ཞབས་ཞུ་ལེགས་གཏོང་དང་ལེགས་ཆའི་ལམ་ཐིག་གཏོད་པ་སོགས་ཀྱི་བྱ་ཐབས་བརྒྱུད། “རྒྱུད་གཅིག་ལམ་གཅིག”
མཉམ་སྐྲུན་གྱི་རྒྱལ་ཁབ་དང་RCEPས་ཁོངས་ཀྱི་སྦྲག་སྲིད་མྱུར་སྐྱེལ་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། སྦྲག་སྲིད་ཞབས་ཞུའི་ནུས་པ་རྒྱུན་མཐུད་ཆེ་རུ་གཏོང་བ། མྱུར་སྐྱེལ་ཟོག་འགྲུལ་བགྲོད་ལམ་རྒྱ་ཆེར་གཏོང་བ་བཅས་བྱས་ནས། ཐོན་ལས་འཁོར་འབྲེལ་སྣུར་སྲིང་དང་མཁོ་སྤྲོད་འཁོར་འབྲེལ་ལ་སྐུལ་འདེད་གཏོང་བཞིན་ཡོད་པ་རེད།
མིག་སྔར། རང་ལྗོངས་སུ་དྲ་རྒྱ་ཕྱི་ནང་སྦྲེལ་མཐུད་དང་། གྲོང་ཁྱེར་དང་གྲོང་གསེབ་ཏུ་ཞབས་ཞུ། བདེ་འཇགས་དང་ཁོར་ཡུག་སྲུང་སྐྱོང་། ཐོན་ལས་མཉམ་འདྲེས་གཏིང་ཟབ། བཅོས་སྐྱོང་མཐུན་སྦྱོར་ནུས་ཆེ་བཅས་ཀྱི་མྱུར་སྐྱེལ་ཞབས་ཞུའི་མ་ལག་གཞི་རྩའི་ཆ་ནས་བསྐྲུན་ཟིན་ནས། མཐའ་མཚམས་སྦྲག་སྲིད་མྱུར་སྐྱེལ་ཞབས་ཞུའི་དྲ་རྒྱ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་ཕྱིན་ཡོད་པ་རེད།
2022ལོའི་ཟླ་9ཚེས་17ཉིན། དངོས་ཟོག་བྱུར་བུར་བླུགས་པའི་དུས་གཏན་མེ་འཁོར་ཞིག་ཀོང་ཤིས་ཆིན་ཀྲོའུ་གྲུ་ཁའི་བབས་ཚུགས་ཤར་མ་ནས་དལ་བུར་ཐོན་ཏེ་ཉིན་བཅུ་ལྷག་ཙམ་གྱི་འགྲུལ་བཞུད་བརྒྱུད་ལྷ་སའི་བབས་ཚུགས་ནུབ་མར་འབྱོར་བ་དང་། དེ་ནས་དངོས་ཟོག་བླུགས་སྐྱོར་བྱས་རྗེས་གཞུང་ལམ་བརྒྱུད་སྐྱིད་གྲོང་འགག་སྒོ་ནས་ཐོན་ཏེ་ནེ་པ་ལར་བདེ་བླག་ངང་འབྱོར་ཞིང་། བརྒྱུད་རིམ་ཧྲིལ་པོ་སྲོལ་རྒྱུན་གྱི་མཚོ་ཐོག་སྐྱེལ་འདྲེན་བྱེད་སྟངས་ལས་ཉིན་20ཙམ་གྱིས་མགྱོགས་པ་བྱུང་ཡོད་པ་རེད།
དེ་ནི་ནུབ་རྒྱུད་ཀྱི་སྐམ་མཚོའི་བགྲོད་ལམ་གསར་པའི་ཐོག་བཏོན་པའི“བྱང་རྒྱུད་མཚོ་ཁུག—བོད་ལྗོངས”ཀྱི་ལྕགས་ལམ་དང་མཚོ་ཐོག་མཉམ་འདྲེན་གྱི་དུས་གཏན་མེ་འཁོར་ཐོག་མ་དེ་ཡིན་ཞིང་། དེ་ཐོག་ནས《ནུབ་རྒྱུད་ཀྱི་སྐམ་མཚོའི་བགྲོད་ལམ་གསར་པའི་སྒྲོམ་གཞིའི་གྲོས་མཐུན》ལ་མིང་རྟགས་བཀོད་པའི་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཀྱིས་ནུབ་རྒྱུད་ཀྱི་སྐམ་མཚོའི་བགྲོད་ལམ་གསར་པ་དང་ལྕགས་ལམ་དང་མཚོ་ཐོག་མཉམ་འདྲེན་གྱི་དུས་གཏན་མེ་འཁོར་ཕྱོགས་ཡོངས་ནས་ཤར་གཏོང་ཐུབ་སྟེ། རང་ལྗོངས་ཀྱི་མཐའ་མཚམས་ཚོང་དོན་ཟོག་འགྲུལ་གྱིས་ཨེ་ཤེ་ཡ་ལྷོ་མ་དང་ཨེ་ཤེ་ཡ་དབུས་མའི་བགྲོད་ལམ་དང་ནུབ་རྒྱུད་ཀྱི་སྐམ་མཚོའི་བགྲོད་ལམ་གསར་པའི་སྦྲེལ་མཐུད་ལ་སྐུལ་འདེད་གཏོང་བའི་གོམ་སྟབས་གསར་པ་ཞིག་སྤོ་བཞིན་ཡོད་པ་མཚོན་གྱི་ཡོད།
2024ལོའི་ཟླ་8ཚེས་8ཉིན། གཞིས་རྩེའི་ཨེ་ཤེ་ཡ་ལྷོ་མའི་དུས་གཏན་མེ་འཁོར་ཐོག་མ་དེ་ཀྲེ་ཅང་དབྱི་ཝུའུ་བབས་ཚུགས་ནུབ་མ་ནས་ཐོན་ཏེ་ཟླ་8ཚེས་18ཉིན་གཞིས་རྩེའི་མེ་འཁོར་བབས་ཚུགས་ནུབ་མར་བདེ་བླག་ངང་འབྱོར་བ་དང་། ཨེ་ཤེ་ཡ་ལྷོ་མའི་དུས་གཏན་མེ་འཁོར་ཐོག་མ་དེར་དོས་སྒམ་35དང་། རིན་ཐང་སྒོར་ཁྲི་3185རི་བའི་འཁལ་འཐག་ཐོན་རྫས་དང་རྒྱུན་སྤྱོད་བརྒྱ་ཟོག་སོགས་བླུགས་ནས་སྐྱིད་གྲོང་དང་འགྲམ་འགག་སྒོ་བརྒྱུད་རྒྱལ་མཚམས་སྒྲོལ་ཏེ་ནེ་པ་ལའི་ཀ་ཏ་མན་རྡུ་རུ་འབྱོར་ཞིང་། ལམ་ཐག་ཧྲིལ་པོར་སྤྱི་ལེ་5100ཙམ་ཡོད་པ་རེད། དེ་ནི་རང་ལྗོངས་ཀྱི་ཁེ་ལས་ཀྱིས་རང་འགུལ་ངང་སྒྲིག་འཛུགས་བྱས་ནས་བཏང་བ་དང་ཨེ་ཤེ་ཡ་ལྷོ་མའི་ཁྲོམ་རར་ཕྱོགས་པའི་རྒྱལ་སྤྱིའི་ཟོག་འདྲེན་གཞུང་ལམ་དང་ལྕགས་ལམ་མཉམ་འདྲེན་གྱི་དུས་གཏན་མེ་འཁོར་ཐོག་མ་དེ་ཡིན་པ་དང་། དེ་ཐོག་ནས་གཞིས་རྩེའི་རྒྱལ་སྤྱིའི་སྐམ་སའི་གྲུ་ཁ་རྒྱལ་ནང་དང་རྒྱལ་སྤྱིའི་ཕྱོགས་གཉིས་ཁྱབ་འགྱེད་ཀྱི་དོས་སྒམ་གྱི་དུས་གཏན་མེ་འཁོར་གཉེར་སྐྱོང་དང་རྩ་འཛུགས་ལྟེ་གནས་སུ་རགས་ཙམ་གྱུར་པ་མཚོན་གྱི་ཡོད།
ཟླ་10ཚེས་2ཉིན། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་རྒྱལ་ཁབ་ཀྱི་ཟོག་འགྲེམས་ལྟེ་གནས་ཀྱི་མིང་ཐོ་གསར་པ་ཁག་གཅིག་ཁྱབ་བསྒྲགས་བྱས་པའི་ནང་གཞིས་རྩེའི(སྐྱིད་གྲོང)སྐམ་སའི་མཐའ་མཚམས་ཀྱི་འགག་སྒོ་རྣམ་པའི་རྒྱལ་ཁབ་ཀྱི་ཟོག་འགྲུལ་ལྟེ་གནས་ཚུད་ཡོད་པ་རེད།
བརྟན་བགྲོད་རྒྱང་འཁྱོལ།
ཆུ་ཚད་མཐོ་བའི་སྒོ་དབྱེ་ཅན་གྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།
བོད་ཀྱིས་ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་བགྲོད་ལམ་གལ་ཆེན་གྱི་འཐབ་ཇུས་ངེས་གནས་ལ་གཞི་ཚུགས་ཏེ། ཁེ་ལས་ལ་སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་ཞབས་ཞུའི་འགན་ལེན་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་གཏོང་བ་དང་། “ཕྱིར་བསྐྱོད་པའི”འཐབ་ཇུས་ལག་ལེན་ཤུགས་ཆེན་བསྟར་བ། འགྲེམས་སྟོན་ཐོག་མ་དང་མངག་ཐོ་ཐོག་མར་བྱ་དགའ་སྤྲོད་པ་སོགས་ཀྱི་བྱ་ཐབས་སྤྱད་དེ། ཁེ་ལས་ཁག་རྒྱལ་ཁབ་ཕྱི་ནང་གི་འགྲེམས་ཚོགས་ནང་ཧུར་ཐག་ཞུགས་པར་རྒྱབ་སྐྱོར་བྱས་ནས། ཁྲོམ་ར་གསར་པ་ཟམ་མི་ཆད་པར་གསར་འབྱེད་དང་། ཁྱད་ལྡན་ལེགས་ཆའི་ཐོན་རྫས་དང་། དེ་བཞིན་བོད་ནས་ཐོན་པའི་ཟོག་འགྲུལ་སྐྱེལ་འདྲེན། དངུལ་རྩའི་ཡིད་རྟོན་མངག་བཅོལ་འགན་བཅོལ་སོགས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། འགག་སྒོ་སྒྲོལ་བའི་ཐོགས་མེད་བགྲོད་ལམ་གཏོད་པ། མཉམ་བཤེར་མཉམ་འགོད་དང་དྲ་གཅིག་ཀུན་སྒྲུབ་ཁྱབ་གདལ་གཏོང་བ་བཅས་བྱས་ནས། ཁེ་ལས་ཀྱི་མི་སྣ་དང་དངོས་ཟོག་འགག་སྒྲོལ་གང་མགྱོགས་ཐུབ་པར་སྟབས་བདེ་ཆེན་པོ་བསྐྲུན་ཡོད། “ལག་ཁྱེར་མང་པོ་ཟླ་སྒྲིལ”དང“ཐོ་སུབ་སྟབས་བདེ་ཅན”སོགས་ཀྱི་སྒྱུར་བཅོས་བྱེད་ཐབས་དོན་འཁྱོལ་དང་སྲིད་འཛིན་གྱི་ལྟོས་བཅས་མིའི་གཅིག་གྱུར་དོ་དམ་ལས་སྟེགས་དང་ཁོངས་གཏོགས་ཁུལ་གྱི་ཞིབ་བཤེར་གྱི“སྤྲིན་ཚོམས་མཆན་འགོད”ཀྱི་རིག་ནུས་རྣམ་གྲངས་ཁྱབ་གདལ་དང་འཁོར་སྐྱོད་བྱས་པ་བརྒྱུད། ཁོངས་གཏོགས་ཁུལ་གྱི་ཞིབ་བཤེར་ལག་ཁྱེར་རེ་ཞུའི་དུས་ཚོད་སྐར་མ་10ཡི་ནང་ཚུན་དུ་ཚོད་འཛིན་ཐུབ་ཡོད།
མིག་སྔའི་བར། ལྗོངས་ཡོངས་སུ་ཕྱི་ཕྱོགས་ཉོ་ཚོང་བྱེད་མཁན་ཁེ་ལས་150ཟིན་པ་དེ་དུས་མཚུངས་ལས་54.6%འཕར་ཡོད། རང་ལྗོངས་སུ་རང་བཟོས་ཐོན་རྫས་ཕྱིར་གཏོང་ནང་འདྲེན་བྱེད་མཁན་ཁེ་ལས་24ཡོད་པ་དེ་ན་ནིང་ལས་ཁག་19མང་དུ་ཕྱིན་པ་དང་། རང་བཟོས་ཐོན་རྫས་ཚོང་དོན་གྱི་དངུལ་འབོར་སྒོར་ཁྲི་5922ཟིན་པ་དེ་དུས་མཚུངས་ལས་ལྡབ་6.4འཕར་ཡོད།
སྒོ་དབྱེའི་ས་ཁུལ་ལ་གསོན་ཤུགས་ཆེ་ཤོས་ལྡན་པ་དང་སྒོ་དབྱེའི་དཔལ་འབྱོར་ལ་འགྲན་ཤུགས་ཆེ་ཤོས་ལྡན་ཡོད། “སྒོ་དབྱེའི་ཚད་གཞི་ཇི་ཙམ་མཐོ་བ་ཡོད་ན་འཕེལ་རྒྱས་ཀྱི་བར་མཐོངས་ཀྱང་དེ་ཙམ་གྱིས་ཆེ་བ་ཡོད་པའི”འདུ་ཤེས་བརྟན་པོ་བཙུགས་ནས། གཞི་ཁྱོན་དེ་བས་ཆེ་བ་དང་། ཁྱབ་ཁོངས་དེ་བས་མང་བ། གཏིང་དེ་བས་ཟབ་པ་བཅས་ཀྱི་སྒོ་མོ་རང་འགུལ་ངང་ཕྱེ་སྟེ། བོད་ཀྱི་ཆུ་ཚད་མཐོ་བའི་སྒོ་དབྱེའི་རྣམ་པའི་དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ཚེ། རང་ལྗོངས་ཀྱི་མཐའ་མཚམས་ཚོང་དོན་ཟོག་འགྲུལ་ཐོན་ལས་བརྟན་བགྲོད་རྒྱང་འཁྱོལ་ཐུབ་ནས་སླར་ཡང་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ངེས་རེད།