ཉིང་ཁྲི་གྲོང་ཁྱེར་གྱིས་ནང་འཛུགས་སྒྲིག་གཞིའི་ལས་གནས་འགྲན་འཁུར་གྱི་ཚོད་ལྟའི་ལས་དོན་སྤེལ་བ།
སྲོལ་རྒྱུན་གྱི་མི་འདེམས་སྟངས་ནས་འཇོན་ཐང་ཅན་འདེམས་པའི་བར་བསྒྱུར་བ།
“ང་ཚོས་བརྟག་ཞིབ་བྱེད་རིང་ཚན་པ་ཁག་གཅིག་གི་ལས་བྱེད་པ་གདམ་གསེས་བྱེད་ཁྱོན་ཆུང་བ་དང་འདེམས་སྤྱོད་བྱེད་ཐབས་རྐྱང་པ་ཡིན་པ་ཤེས་བྱུང་། དེར་བརྟེན་ལས་གནས་འགྲན་འཁུར་བྱས་ནས་སྲོལ་རྒྱུན་གྱི་མི་འདེམས་ཐབས་ནས་ཕུལ་བྱུང་འཇོན་ཐང་ཅན་འདེམས་པའི་བར་བསྒྱུར་བ་ནི་སྲོལ་རྒྱུན་གྱི་མི་འདེམས་སྤྱོད་བྱེད་ཐབས་མེད་པ་བཟོས་ཏེ་ཕུལ་བྱུང་ལས་བྱེད་པ་འགྲན་རྩོད་ཁྲོད་ནས་འབུར་དུ་ཐོན་པ་དང་འགག་རྩའི་ལས་གནས་སུ་བསྐྱོད་པར་སྐུལ་འདེད་གཏོང་རྒྱུ་དེ་ཡིན”ཁོའོ་རིམ་པའི་ལས་བྱེད་པའི་ལས་གནས་འགྲན་འཁུར་གྱི་ལས་དོན་སྤེལ་རྒྱུའི་ཐད་ཉིང་ཁྲི་གྲོང་ཨུད་རྩ་འཛུགས་པུའི་པུའུ་དོན་ཨུ་ཡོན་དང་ལས་བྱེད་པའི་ཁོའོ་དང་པོའི་ཁོའོ་ཀྲང་ལིའུ་ཁེ་ཅིན་གྱིས་ངོ་སྤྲོད་བྱས།
འདི་ལོའི་སྒྲིག་གཞི་སྒྱུར་བཅོས་ཁྲོད་ཉིང་ཁྲི་གྲོང་ཁྱེར་གྱིས་གྲོང་ཨུད་ཀྱི་སྤྱི་ཚོགས་ལས་དོན་པུའུ་དང་། གྲོང་ཁྱེར་ལས་ཁུངས་ལས་དོན་དོ་དམ་ཅུས། གནས་སྤོས་ཡུལ་མི་བཀོད་སྒྲིག་དོ་དམ་ཞབས་ཞུ་ཅུས། ནུས་རྒྱུ་ཅུས་སོགས་ཀྱི་སྒྲིག་གཞི་གསར་པ་བཙུགས་པ་དང་ལས་བྱེད་པ་ཁག་གཅིག་ཚན་པ་མི་འདྲ་བ་ནས་གསར་དུ་བཙུགས་པའི་ཚན་པར་གཏོང་རྒྱུ་རེད། ཇི་ལྟར་བྱས་ནས་ཚན་པ་གསར་པ་དང་ཁོངས་མི་གསར་པར་ཉམས་འགྱུར་གསར་པ་མངོན་པ་དང་རྣམ་པ་གསར་པ་མངོན་པར་བྱས་ཏེ་ལས་སྒོ་བྱང་ཆུབ་པ་དང་། བསམ་ཕོད་པ། སྒྲུབ་ཕོད་པ་བཅས་ཀྱི་ལས་བྱེད་པ་འགག་རྩའི་ལས་གནས་སུ་བསྐྱོད་པར་སྐུལ་འདེད་གཏོང་དགོས་མིན་དེ་སྒྲིག་གཞི་སྒྱུར་བཅོས་དང་མི་དོན་ལམ་ལུགས་སྒྱུར་བཅོས་ཀྱི་རྗེས་མའི་ལས་དོན་ཡག་པོ་བསྒྲུབ་པའི་གནད་འགག་ཅིག་རེད། དེས་ན་ཉིང་ཁྲི་གྲོང་ཁྱེར་གྱིས་སྒྲིག་གཞི་སྒྱུར་བཅོས་མི་སྣའི་ཁོངས་སྒྱུར་གྱི་གོ་སྐབས་གང་ལེགས་སྤྱད་དེ་གསར་དུ་བཙུགས་པའི་གྲོང་ཁྱེར་ཐད་གཏོགས་ཚན་པའི་ཁྲོད་ནས་ཚན་པ་3ཚོད་ལྟ་བྱ་ཡུལ་དུ་བརྩིས་ནས་ནང་འཛུགས་སྒྲིག་གཞིའི་ཁོའོ་རིམ་པའི་ལས་གནས་འགྲན་འཁུར་བྱས་པ་དང་ཡོངས་བསྒྲགས་འགྲན་རྩོད་བྱས་པ་བརྒྱུད། འགན་འཁྲི་འཁུར་ཕོད་པ་དང་། གསར་གཏོད་ཐུབ་པ། ལས་དོན་སྒྲུབ་མཁས་པ་བཅས་ཀྱི་ལས་བྱེད་པར་གོ་སྐབས་དང་ལས་སྟེགས་མཁོ་འདོན་བྱས་ཏེ་ལས་དོན་སྒྲུབ་འདོད་པའི་ལས་བྱེད་པ“ལས་གནས་སུ་བསྐྱོད་པ”དང་སྒྱིད་ལུག་པ་དང་སྒལ་རལ་འཚོང་མཁན“ལས་སྒུག”བྱེད་དུ་བཅུག་ཡོད།
ཉིང་ཁྲི་གྲོང་ཁྱེར་གྱིས་ཁོའོ་རིམ་པ་རྒན་པ་དང་ཁོའོ་རིམ་པ་གཞོན་པའི་ལས་གནས་འགྲན་འཁུར་གྱི་ཆ་རྐྱེན་རིགས་དབྱེ་ནས་བཀོད་སྒྲིག་བྱས་ཏེ་ལས་གནས་དང་དེ་མཚུངས་ཀྱི་གོ་གནས་སམ་ཡང་ན་འགན་རིམ་ལྡན་ཚེ་ལས་གནས་འགྲན་འཁུར་བྱེད་ཆོག་པ་ཁ་གསལ་བཏོན་པ་ཕུད། ལྷག་པར་དུ་ཁོའོ་རིམ་པ་གཞོན་པའི་གོ་གནས་འཁུར་ནས་ལོ་2ཡན་སོང་བའམ་ཡང་ན་རིམ་གསུམ་ཀྲུའུ་རེན་ཁོའོ་ཡོན་དང་རིམ་བཞིའི་ཀྲུའུ་རེན་ཁོའོ་ཡོན་རིམ་རྩིས་བརྒྱབ་ན་ལོ་2ཡན་སོང་བའི་ལས་བྱེད་པས་ཁོའོ་རིམ་པ་རྒན་པའི་ལས་གནས་འགྲན་འཁུར་བྱེད་ཆོག་པའི་གཏན་འབེབས་བྱས་ཡོད། རིམ་བཞིའི་ཀྲུའུ་རེན་ཁོའོ་ཡོན་ནམ་ཡང་ན་རིམ་པ་དང་པོའི་ཁོའོ་ཡོན་གྱི་འགན་འཁུར་ནས་རིམ་རྩིས་བརྒྱབ་ན་ལོ་3ཡན་སོང་ཚེ་ཁོའོ་རིམ་པ་གཞོན་པའི་ལས་གནས་འགྲན་འཁུར་བྱེད་ཆོག་པ་དང་། ལས་བྱེད་པས་ལས་གནས་འགྲན་འཁུར་ལ་བརྟེན་ནས་གོ་གནས་སྤོར་བ་ལས་བསླབ་པ་རྒན་གཞོན་དང་ལོ་ན་ཆེ་ཆུང་ལ་ལྟ་བའི་སྲོལ་རྒྱུན་རྙིང་པ་མེད་པ་བཟོ་རྒྱུའི་ལྕག་སྐུལ་བྱས་ཡོད།
“མིག་སྔར་གཞུང་ཁོངས་གཏན་འཇགས་རྒྱུ་ནོར་གྱི་དོ་དམ་ཚད་ལྡན་མེད་པ་དང་། དོ་དམ་བྱེད་སྟངས་སྔར་བཞིན་སྲོལ་རྒྱུན་གྱི་རྣམ་པར་གནས་པ། ཕན་འབྲས་མངོན་གསལ་དོད་པོ་མེད་པ་བཅས་རེད། དེའི་ཐད་ཁྱེད་ལ་བསམ་ཕྱོགས་དང་གྲོས་འགོ་བཟང་པོ་གང་དག་ཡོད་དམ”་དང“གྲོང་ཁྱེར་ཡོངས་ཀྱི་རྒྱབ་ཕྱོགས་མཁོ་སྒྲུབ་ཞབས་ཞུའི་ལས་ཁུངས་ཡིན་པའི་ངོས་ནས‘གཞུང་ཡིག་མེད་པའི’སྣེ་ལེན་དང་གནས་སྐབས་ལས་དོན་ཚོགས་ཆུང་སོགས་ཀྱི་ཐོལ་བྱུང་སྣེ་ལེན་གྱི་ལས་འགན་ཐག་གཅོད་བྱེད་སྐབས་ཁྱེད་ཀྱིས་ཇི་ལྟར་སྒྲུབ་བམ”ཞེས་གྲོང་ཁྱེར་ལས་ཁུངས་ལས་དོན་དོ་དམ་ཅུས་ཀྱིས་ལས་གནས་འགྲན་འཁུར་གྱི་ངོ་རྒྱུགས་གཏོང་རིང་ལས་ཁུངས་ལས་དོན་དོ་དམ་ཅུས་ཀྱི་རྒྱུགས་དཔོན་གྱིས་ལས་ཁུངས་དོ་དམ་ལས་དོན་གྱི་ལས་ཀའི་དོན་དངོས་ལ་དམ་པོར་དམིགས་ནས་ངོ་རྒྱུགས་ལ་ཞུགས་མཁན་ལ་གནད་དོན་དེ་འདྲ་བཏོན་ཡོད།
“སྐར་གྲངས་དཔྱད་བསྡུར་གྱི་ཚད་གཞི་བཟོ་བ་ནས་ངོ་རྒྱུགས་གཏོང་བའི་བར་ང་ཚོས་བརྒྱུད་རིམ་ཧྲིལ་པོར་བཅའ་སྡོད་སྒྲིག་བཤེར་ཚོགས་ཆུང་དང་གྲོང་ཨུད་རྩ་འཛུགས་པུའི་ལྟ་སྐུལ་དང་ལེན་བྱས་ནས་བརྒྱུད་རིམ་ཚད་ལྡན་དང་ཡོངས་བསྒྲགས་ཐུབ་པར་འགན་ལེན་བྱས་ཡོད། ཅུས་ཏང་ཙུའུ་ཡིས་བདམས་ཐོན་པའི་ལས་ཀའི་རྣམ་འགྱུར་དང་ལས་གནས་ཆ་སྒྲིག་གི་འོས་མི་གཏན་འཁེལ་ལ་ཕྱོགས་བསྡུས་བསམ་གཞིག་དང་འབྲེལ་སྒྲིག་སྲོལ་ལྟར་ཡོངས་བསྒྲགས་བྱས་ནས་འདེམས་བསྐོའི་གྲུབ་འབྲས་གཞུང་དྲང་དང་ནུས་ལྡན་ཡོང་བར་འགན་ལེན་བྱེད་ངེས་ཡིན”ཞེས་ཚན་པ་དེའི་ལས་གནས་འགྲན་འཁུར་ལས་དོན་གྱི་འགན་འཁུར་མཁན་ཉིང་ཁྲི་གྲོང་ཁྱེར་ལས་དོན་ཅུས་ཆབ་སྲིད་ལས་དོན་ཁོའོ་ཡི་ཁོའོ་ཀྲང་གཞོན་པ་ཀྲུའུ་ཀྲུའུ་ཡིང་གིས་ངོ་སྤྲོད་བྱས།
ད་ཐེངས་ཀྱི་ལས་གནས་འགྲན་འཁུར་ཁྲོད་ཉིང་ཁྲི་གྲོང་ཁྱེར་གྱི་ཚན་པ་3གྱིས་ལས་གནས་10བཀོད་སྒྲིག་བྱས་པར་ཆ་རྐྱེན་འཛོམས་པའི་རྒྱུགས་སྤྲོད་སློབ་མ་22མིང་ཐོ་བཀོད་པ་དང་། ཐོབ་ཐང་ཞིབ་བཤེར་དང་། ལས་གནས་འགྲན་འཁུར་ངོ་རྒྱུགས། དམངས་གཙོའི་ཚད་ལེན་གདེང་འཇོག ཕྱོགས་བསྡུས་རྟོག་ཞིབ་སོགས་ཀྱི་ལྷུ་ཚིགས་བརྒྱུད་ཁོའོ་རིམ་པ་རྒན་པའི་ལས་གནས་ལས་བྱེད་པ་8དང་ཁོའོ་རིམ་པ་གཞོན་པའི་ལས་གནས་ལས་བྱེད་པ་2བདམས་ཡོད་པ་རེད། དེའི་ནང་ཁོའོ་ཡོན་གྱིས་ཁོའོ་རིམ་པ་གཞོན་པར་འགྲན་རྩོད་བྱེད་པའི་ལས་གནས་1དང་ཁོའོ་རིམ་པ་གཞོན་པས་ཁོའོ་རིམ་པ་རྒན་པར་འགྲན་རྩོད་བྱེད་པའི་ལས་གནས་1ཡོད་པས“འཇོན་པ་ཡར་བསྐོས་དང་། མི་འཇོན་མར་ཕབ། ཐ་ཞན་ཕར་བུད”བཅས་ཐུབ་སྟེ་ལས་བྱེད་པའི་ལས་སྒྲུབ་ལས་གཏོད་ཀྱི་ནང་སྐྱེས་སྒུལ་ཤུགས་སྔར་བས་འཕེལ་བ་མ་ཟད། གོམ་སྟབས་རྗེས་མར་མི་འདེམས་ཀྱི་ཐབས་ལམ་རྒྱ་ཆེར་གཏོང་བ་དང་མི་དོན་ལམ་ལུགས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བར་དགེ་མཚན་ལྡན་པའི་འཚོལ་ཞིབ་མཁོ་འདོན་བྱ་རྒྱུ་རེད།