དུས་ཚིགས་དང་པོ་ནས་གསུམ་པའི་བར་ཁེ་ལས་ཆུང་ཕྲན་ལ་ཁྲལ་དངུལ་སྒོར་དུང་ཕྱུར་9461ཆག་ཡང་དང་རྩ་ཆག་བཏང་བ།
▶ ཁྲལ་བསྡུའི་གྲངས་གཞི་ལས་མངོན་པར། དུས་ཚིགས་དང་པོ་ནས་གསུམ་པའི་བར། རང་རྒྱལ་གྱི་ཁེ་ལས་ཆུང་ཕྲན་གྱི་ཁྲལ་འཁྲི་1.65%ཟིན་པ་དེ་དུས་མཚུངས་ལས་9.6%ཆག་ཡོད།
▶ དུས་ཚིགས་དང་པོ་ནས་གསུམ་པའི་བར། ཁེ་ལས་ཆུང་ཕྲན་ཚོང་དུད་ཁྲི་1245གསར་དུ་བཙུགས་པ་དེ་དུས་མཚུངས་ལས་4%འཕར་ཡོད།
ཚེས་22ཉིན། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ཀྱིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། འདི་ལོའི་ཟླ་1ནས་9པའི་བར། ཁེ་ལས་ཆུང་ཕྲན་ལ་ཁྲལ་དངུལ་སྒོར་དུང་ཕྱུར་9461ཆག་ཡང་དང་རྩ་ཆག་བཏང་བ་དེ་དུས་མཚུངས་ལས་6.7%འཕར་ཡོད་པ་རེད།
ཁེ་ལས་ཀྱི་ཁྲལ་བསྡུའི་ཁུར་པོ་ཞེས་པ་ནི་སྒོར་བརྒྱ་རེའི་ཚོང་གཉེར་ཡོང་འབབ་ནང་ནས་འཇལ་བའི་ཁྲལ་བསྡུ་ཁག་གི་བསྡུར་ཚད་ལ་ཟེར། ཁྲལ་བསྡུའི་གྲངས་གཞི་ལས་མངོན་པར། དུས་ཚིགས་དང་པོ་ནས་གསུམ་པའི་བར། རང་རྒྱལ་གྱི་ཁེ་ལས་ཆུང་ཕྲན་གྱི་ཁྲལ་འཁྲི་1.65%ཟིན་པ་དེ་དུས་མཚུངས་ལས་9.6%ཆག་ཡོད། དེའི་ནང་ལས་རིགས་གཙོ་བོའི་ཁྲལ་བསྡུའི་ཁུར་པོ་མངོན་གསལ་དོད་པོས་ཡང་དུ་ཕྱིན་ཡོད། དུས་ཚིགས་དང་པོ་ནས་གསུམ་པའི་བར་བསྡུར་གྲངས་ཀྱི་བཅུ་ཆ་བཞི་ཙམ་བཟུང་བའི་སྡེབ་ཚོང་དང་སིལ་ཚོང་ལས་རིགས་ཀྱི་ཁྲལ་འཁྲི་1.09%ཟིན་པ་དེ་2019ལོ་དང་བསྡུར་ན་26.6%ཆག་ཡོད། འཛུགས་སྐྲུན་ལས་རིགས་དང་བཟོ་སྐྲུན་ལས་རིགས་སོགས་ངལ་རྩོལ་འདུས་ཆེའི་ལས་རིགས་ཀྱི་ཁྲལ་འཁྲི་1.67%དང་2.56%སོ་སོར་ཟིན་པ་དེ་2019ལོ་དང་བསྡུར་ན་19.8%དང་16.3%ཆག་ཡོད། ཞག་སྡོད་བཟའ་བཏུང་དང་། འགྲིམ་འགྲུལ་སྐྱེལ་འདྲེན། གྲོང་མིའི་ཞབས་ཞུ། སློབ་གསོ། འཕྲོད་བསྟེན་སོགས་དམངས་འཚོའི་ཁྱབ་ཁོངས་ཀྱི་ཁྲལ་འཁྲི་ཆེས་ཆེར་ཆག་པ་དང་2019ལོའི་ཆག་ཚད་དང་བསྡུར་ན་40%ཡས་མས་ཆག་པ་དེ་ཐོག་ནས་ཁྲལ་རིན་གཉིས་གཅོག་སྲིད་ཇུས་ཀྱིས་དམངས་འཚོ་འགན་ལེན་དང་ལས་ཞུགས་བརྟན་པོ་ཡོང་བར་ཐོན་པའི་ནུས་པ་གལ་ཆེན་མངོན་ཡོད། མཉེན་ཆས་ཆ་འཕྲིན་དང་། རིག་གནས་ལུས་རྩལ་དང་རོལ་རྩེད། ཚན་རིག་ཞིབ་འཇུག་སོགས་རྒྱལ་ཁབ་ཀྱིས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་དེང་རབས་ཞབས་ཞུའི་ལས་རིགས་ཀྱི་ཁྲལ་འཁྲི་2019ལོ་དང་བསྡུར་ན་ཆ་སྙོམས་30%ལྷག་ཙམ་ཆག་ཡོད་པ་རེད།
སྲིད་ཇུས་ཀྱི་ཁེ་སྤོགས་རྒྱུན་མཐུད་ཆེ་རུ་ཕྱིན་པས་ཁེ་ལས་ཆུང་ཕྲན་གྱི་འཕེལ་རྒྱས་ལ་ཡིད་ཆེས་ཆེ་རུ་ཕྱིན་ཡོད། དུས་ཚིགས་དང་པོ་ནས་གསུམ་པའི་བར་ཁེ་ལས་ཆུང་ཕྲན་ཚོང་དུདཁྲི་1245གསར་དུ་བཙུགས་པ་དེ་དུས་མཚུངས་ལས་4%འཕར་ཡོད། དེའི་ཁྲོད་སྡེབ་ཚོང་དང་སིལ་ཚོང་དང་། འགྲིམ་འགྲུལ་སྐྱེལ་འདྲེན། རིག་གནས་ལུས་རྩལ་དང་རོལ་རྩེད། ཞིང་ནགས་ཕྱུགས་ཉ་སོགས་ལས་རིགས་ཚང་མའི་ཚོང་དུད་གསར་པ་འཕར་ཚད་གྲངས་གནས་གཉིས་ཡན་ཟིན་ཡོད་པ་རེད།