དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • མཚོ་བོད་ལམ་རྒྱུད་ཀྱི་ཡངས་པ་ཅན་ཆུ་ཚན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-11-25

    ཞོགས་པའི་ཉི་གཞོན་ཤར་རིའི་རྩེ་ནས་འཕགས་བཞིན་བསིལ་རླུང་དལ་བུར་ལྡང་བའི་སྐབས་དེར། འཕྲིན་སྤེལ་ཚོགས་ཆུང་དང་བཅས་པ་ལྷ་ས་ནས་ཐོན་ཏེ་བོད་བྱང་ཐང་གི་སྔོན་མའི་རྔ་མོང་ཚྭ་ལམ་གྱི་ས་ཚིགས་གལ་ཆེན་དང་ད་ཆ“འཛམ་གླིང་ཡང་རྩེའི་སྟེང་གི་ས་འོག་ཚ་ནུས་རྟེན་མཛོད་ཁང”ཞེས་གྲགས་པའི་ཡངས་པ་ཅན་དུ་བསྐྱོད།

    ཡངས་པ་ཅན་གྱི་ཚ་ནུས་ཞིང་ནི་མིག་སྔར་རང་རྒྱལ་དུ་རྩད་འཚོལ་ཐུབ་པའི་དྲོད་ཚད་མཐོ་བའི་ས་འོག་ཚ་ནུས་ཞིང་སའི་གྲས་ཤིག་ཡིན་པ་དེར་རང་བྱུང་ཁམས་ཆེ་མོའི་ཚ་ནུས་ཡོད་པའི་རྐྱེན་གྱིས། ས་གནས་དེ་གའི་མི་སེར་ཕྱུག་འགྱུར་ལམ་བུར་བསྐྱོད་པའི་གཞི་རྟེན་གལ་ཆེན་དུ་གྱུར་ཡོད།

    ཆུ་ཚན་གྲོང་རྡལ་ཆུང་ངུའི་ཕྱུག་འགྱུར་ལམ།

    ཕུན་སུམ་ཚོགས་པའི་ས་འོག་ཚ་ནུས་ཀྱི་ཐོན་ཁུངས་འབེལ་བས། སྔོན་མའི་ས་ཚིགས་གྲོང་རྡལ་ཆུང་ངུར་ད་ཆ་ཁྱིམ་ཚང་མགྲོན་ཁང་དང་ཆུ་ཚན་མགྲོན་ཁང་ཆར་རྗེས་ཀྱི་མྱུ་གུ་བཞིན་ཐོན་ནས་ཡངས་པ་ཅན་གྲོང་རྡལ་གྱི་གྲོང་མི་རྣམས་ཕྱུག་འགྱུར་ལམ་བུར་སྐྱོད་བཞིན་ཡོད། ཡངས་པ་ཅན་གྲོང་རྡལ་བྱ་མ་གྲོང་ཚོའི་ཚོགས་ཆུང་ལྔ་པའི་གྲོང་མི་འདོད་མགུ་མགྲོན་ཁང་གི་སྦྱིན་བདག་ཀརྨ་གྲགས་པ་ནི་དེའི་ཁྲོད་ཀྱི་མཚོན་བྱེད་ཅིག་རེད།

    ཀརྨ་གྲགས་པ་འདི་ལོ་ལོ་39ལ་སླེབས་ཤིང་། 2008ལོར་སྲིད་གཞུང་གིས་ཞིང་འབྲོག་པའི་བདེ་སྡོད་ལས་གྲྭའི་དངུལ་སྤྲད། ཀརྨ་གྲགས་པས་ཡངས་པ་ཅན་གྲོང་རྡལ་གྱི་ཡུལ་སྐོར་འཕེལ་རྒྱས་ཀྱི་ལེགས་ཆ་རྟོགས་ནས་མགྲོན་ཁང་གཉེར་རྒྱུའི་བསམ་བློ་འཁོར།

    ཀརྨ་གྲགས་པས་ལམ་སེང་ནང་མི་དང་གྲོས་བྱས་ཏེ་ལས་གྲྭའི་མ་དངུལ་དང་ལོ་མང་བསགས་པའི་དངུལ་བཏང་ནས་ཡངས་པ་ཅན་གྲོང་རྡལ་དུ་ཁྱིམ་ཚང་མགྲོན་ཁང་ཞིག་བསྐྲུན་པ་རེད།

    ས་འོག་ཚ་ནུས་ཐོན་ཁུངས་ཕུན་སུམ་ཚོགས་པ་དང་འགྲིམ་འགྲུལ་གྱི་ཆ་རྐྱེན་ལེགས་པའི་དབང་གིས་ཀརྨ་གྲགས་པའི་ཁྱིམ་ཚང་མགྲོན་ཁང་ལ་ལོ་ལྟར་ཡོང་འབབ་སྒོར་ཁྲི་10ནས་15བར་ཡོང་གི་ཡོད། 2013ལོར་ཀརྨ་གྲགས་པས་ཁྱིམ་ཚང་མགྲོན་ཁང་རྒྱ་ཆེ་རུ་བཏང་ནས་ཁང་མིག་15བར་མང་དུ་བཏང་།

    ཡངས་པ་ཅན་གྱི་དཔལ་འབྱོར་འཕེལ་རྒྱས་ཕྱིན་པ་དང་ཆབས་ཅིག མགྲོན་ཁང་ཡང་ཇེ་མང་དུ་སོང་། འགྲན་རྩོད་ནུས་པ་ཆེ་རུ་གཏོང་ཆེད། 2021ལོར་ཀརྨ་གྲགས་པས་མགྲོན་ཁང་སླར་ཡང་རྒྱ་ཆེ་རུ་བཏང་བས།

    ད་ཆ་ཁང་མིག་40ཡོད་པ་དང་ཉིན་ལྟར་འགྲུལ་པས་ཁེངས་ཤིང་། ལོར་ཡོང་འབབ་སྒོར་ཁྲི་70ནས་80བར་ཡོང་གི་ཡོད། ད་ཆ་མགྲོན་ཁང་གི་ཉེ་འགྲམ་དུ་ཟ་ཁང་དང་སྒོ་རྩིས་ཚོང་ཁང་སོགས་མང་པོ་ཡོད་པས་ཡངས་པ་ཅན་གྲོང་རྡལ་གྱི་དཔལ་འབྱོར་འཕེལ་རྒྱས་ལ་སྣེ་ཁྲིད་ཐུབ་ཡོད།

    “ཐོག་མར་མགྲོན་ཁང་འཛུགས་སྐབས། གྲོང་རྡལ་དུ་ཕྱོགས་བཞི་མཚམས་བརྒྱད་ཀྱི་ཡུལ་སྐོར་བ་མང་བ་དང་ཕྱི་རྒྱལ་གྱི་ཡུལ་སྐོར་བ་འཕྲད་སྐབས་སྐད་བརྡ་མི་འཕྲོད་པར་ཕན་ཚུན་ལག་བརྡ་བྱས་ནས་གོ་བརྡ་འཕྲོད་ཐབས་བྱེད་ཀྱི་ཡོད་མོད། ཚང་མ་འཆམ་པོ་ཡོད། ཡངས་པ་ཅན་དུ་ད་ཆ་ཡུལ་སྐོར་བ་ཇེ་མང་དུ་འགྲོ་བས། ངས་ང་ཚོའི་གྲོང་རྡལ་གྱི་འཕེལ་རྒྱས་ལ་ཡིད་ཆེས་ཀྱིས་ཁེངས་ནས་ཡོད”ཅེས་བརྗོད་བྱུང་།

    ས་འོག་ཚ་ནུས་ངོ་མཚར་ཁྲོད་ཀྱི་འབད་འཐབ་པ།

    འདོད་མགུ་མགྲོན་ཁང་གི་མི་རིང་བའི་སར་ཁྱོན་མ་དངུལ་སྒོར་དུང་ཕྱུར་5.5བཏང་བའི་ཡངས་པ་ཅན་ས་འོག་ཚ་ནུས་ཆུ་ཚན་གྱི་དུས་ཐེངས་གཉིས་པའི་རྣམ་གྲངས་ཏེ། མཐིང་མདོག་ལྷ་ཡུལ་གྱི་ཡངས་པ་ཅན་ས་འོག་ཚ་ནུས་ཡུལ་སྐོར་ཁུལ་གྱི་རྣམ་གྲངས་གནས་ཡོད།

    མཐིང་མདོག་ལྷ་ཡུལ་གྱི་ཡངས་པ་ཅན་ས་འོག་ཚ་ནུས་ཀྱི་ཡུལ་སྐོར་ཁུལ་དུ་སྐྱོད་སྐབས། རྒྱ་ཁྱོན་ལ་མུའུ་600ཟིན་པའི་མཛེས་ལྗོངས་ཁུལ་དུ་ཆུ་རྐྱལ་རྒྱག་ས་དང་། རླབས་རྩེད་རྫིང་བུ། མིས་བཟོས་ཆུ་ཚན་སོགས་འདུག

    “དེ་མཐོངས་ཡངས་ཆུ་ཚན་རེད། དཀྱིལ་དུ་ཉ་བཅོས་རྫིང་བུ་ཡོད། ཕ་གི་རླབས་རྩེད་བྱེད་ས་རེད”ཅེས་ཆུ་ཚན་གྱི་ལས་དོན་པ་བཀྲ་ཤིས་མཚོ་འཕེལ་གྱིས་གསར་འགོད་པར་མཐིང་མདོག་ལྷ་ཡུལ་གྱི་ཆུ་ཚན་རྣམ་གྲངས་ངོ་སྤྲོད་བྱས་བྱུང་།

    བཀྲ་ཤིས་མཚོ་འཕེལ་ནི་ནག་ཆུ་གྲོང་ཁྱེར་ཤན་རྩ་རྫོང་འཁྱག་ཤང་གི་གྲོང་ཚོ་6པའི་གྲོང་མི་ཡིན་ཞིང་། 2017ལོར་གྲོང་ཚོ་ཡོངས་ཀྱིས་སྲིད་གཞུང་གི་འབོད་སྐུལ་ལ་དང་ལེན་ཞུས་ཏེ་ཡངས་པ་ཅན་གྲོང་རྡལ་གྱི་གནད་སྨིན་དབུལ་སྐྱོར་གྱི་གྲུམ་ནད་ཕོག་མཁན་གཅིག་སྡུད་གནས་སྤོས་བཀོད་སྒྲིག་བྱ་ཡུལ་ཚྭ་ཆུ་ཐང་གྲོང་ཚོར་སྤོས་པ་རེད།

    2019ལོར། བཀྲ་ཤིས་མཚོ་འཕེལ་མཐོ་རིམ་སློབ་འབྲིང་ཐོན། ཨ་ཕར་གྲུམ་བུའི་ནད་ཕོག་པ་དང་ཁྱིམ་གྱི་འཚོ་བ་གྲོང་ཚོའི་བུ་བཅོལ་ཁང་དུ་མ་བྱན་བྱེད་མཁན་ཨ་མའི་ཟླ་རེའི་གླ་ཆ་སྒོར་3000ལ་བརྟེན་དགོས་པའི་ཁར་བཀྲ་ཤིས་མཚོ་འཕེལ་གསོ་དགོས་པ་དང་སློབ་ཆེན་དུ་བསྐྱོད་མཁན་གཅེན་པོ་བསྟན་འཛིན་གྱི་སློབ་ཡོན་ཡང་སྤྲོད་དགོས་པས་ཁྱིམ་ཚང་གི་འཚོ་བར་དཀའ་ངལ་ཆེན་པོ་འཕྲད།

    ཁྱིམ་ཚང་གི་ཁུར་པོ་ཡང་དུ་གཏོང་ཆེད། བཀྲ་ཤིས་མཚོ་འཕེལ་གྱིས“གཅེན་པོའི་སློབ་སྦྱོང་སྦྱངས་འབྲས་ང་ལས་ཡག་པ་ཡོད་པས་མུ་མཐུད་སློབ་གྲྭར་གཏོང་རོགས། ང་ཨ་མ་དང་མཉམ་དུ་ལས་ཀར་འགྲོ་གི་ཡིན”ཞེས་བརྗོད་ནས་ཨ་མ་དང་མཉམ་དུ་ཁྱིམ་ཚང་སྐྱོང་འགོ་ཚུགས།

    “ང་ཨ་ཕའི་གྲུམ་ནད་བཅོས་པའི་ཆུ་ཚན་ལ་དགའ་པོ་ཡོད་ལ། ང་ལ་མི་ཚེ་གསར་པ་སྦྱིན་མཁན་ཡངས་པ་ཅན་གྲོང་རྡལ་ལ་དེ་བས་དགའ་པོ་ཡོད”ཅེས་གསར་འགོད་པས་ལས་ཀའི་སྐོར་འདྲི་སྐབས་བཀྲ་ཤིས་མཚོ་འཕེལ་གྱིས་དེ་ལྟར་བཤད།

    ད་དུང་ཁོང་གིས་ལས་ཀ་བྱེད་ས་དང་ཁྱིམ་ཚང་ཐག་ཉེ་བ་དང་སྡོད་བྱ་མང་པོ་བྱེད་མི་དགོས་པས། ཨ་ཕར་ལྟ་སྐྱོང་བྱེད་བདེ་པོ་འདུག་ཅེས་བརྗོད་བྱུང་།

    མཚོ་བོད་ལམ་ཐིག་གི“བྱམས་བརྩེའི་ཕོ་ཉ”

    འཕྲིན་སྤེལ་ཚོགས་ཆུང་དང་བཅས་པ་མཐིང་མདོག་ལྷ་ཡུལ་ཆུ་ཚན་ནས་ཐོན་སྐབས། ཉིན་དགུང་ཟིན་མོད། འོན་ཀྱང་རྟ་རྒྱུག་དུས་ཆེན་དང་འཁེལ་བས། ཡངས་པ་ཅན་གྲོང་རྡལ་གྱི་ཡུལ་མི་ཚོ་འདམ་གཞུང་རྫོང་དུ་རྟ་རྒྱུག་ལ་ལྟ་བར་བསྐྱོད་ནས། འཁྲུག་ཆ་དོད་པའི་ཁྲོམ་གཞུང་དུ་མི་དེ་ཙམ་མཐོང་རྒྱུ་མེད།

    ཟོག་འདྲེན་རླངས་འཁོར་དང་སྣུམ་ཟོམ་རླངས་འཁོར་གྱི་ཁ་ལོ་བ་དེ་གར་ངལ་གསོ་བ་དང་། གྲོང་རྡལ་གྱི་ཇ་ཁང་དང་ཟ་ཁང་ནས་བྲེལ་འཚུབ་ངང་ཇ་ཚ་པོ་བཏུངས་བ་དང་ཟ་མ་བཟས་རྗེས་མུ་མཐུད་མཚོ་བོད་གཞུང་ལམ་ཐོག་བཞུད་འགྲོ་བ་དེ་ལས་བོད་ལ་གསོན་ཤུགས་དང་རེ་བ་ཟམ་མི་ཆད་པར་སྦྱིན་པ་ལྟར་སྣང་། སྣུམ་ཟོམ་རླངས་འཁོར་གྱི་ཁ་ལོ་བ་ཧན་ནུའུ་ཧའེ་ནི་མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་ཡ་རྫི་ས་ལར་རིགས་རང་སྐྱོང་རྫོང་ནས་ཡིན་པ་རེད།

    1992ལོ་ནས་ད་བར། ལོ་ཁ་ཤས་རིང་ལས་ཀ་འདྲ་མིན་སྣ་ཚོགས་བྱེད་མྱོང་བའི་ཁོང་ད་ཆ་མཚོ་བོད་གཞུང་ལམ་དུ་རླངས་འཁོར་བཏང་ནས་ལོ་15ཙམ་སོང་བས། ལམ་དེས་ཡངས་པ་ཅན་གྲོང་རྡལ་ལ་འཕེལ་རྒྱས་དང་ངོ་མཚར་བཏོད་པར་དཔང་པོ་བྱས་ཡོད།

    ཐོག་མའི་ས་རྡོའི་ལམ་ནས་ད་ཆ་སྣུམ་ནག་ལམ་བར་འགྱུར་ལྡོག་བྱུང་བའི་མཚོ་བོད་གཞུང་ལམ་གྱི་སྐོར་བརྗོད་སྐབས། ཁ་ལོ་བ་ཧན་ལགས་ཀྱིས་ལམ་དེའི་འཕེལ་རྒྱས་དང་འགྱུར་ལྡོག་མང་པོར་དཔང་པོ་བྱས། ལོ་15ཡི་རིང་ཁ་ལོ་བ་ཧན་ལགས་ཀྱིས་ཡངས་པ་ཅན་རིམ་གྱིས་ཆུ་ཚན་ཡུལ་སྐོར་གྱི་གནས་མཆོག་ཏུ་ཇི་ལྟར་གྱུར་པ་དང་། ཡངས་པ་ཅན་གྱིས་མཚོ་བོད་གཞུང་ལམ་དུ་རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ནས་རིམ་བཞིན་དེང་རབས་ཅན་གྱི་ཕྱོགས་སུ་ཇི་ལྟར་བསྐྱོད་པ། རི་རྩེའི་ལྕགས་སྒྲོམ་གྱིས་ལམ་འགྲམ་གྱི་གློག་ཤིང་གི་ཚབ་བྱས་པ། 5Gབརྡ་རྟགས་མཐོ་ལྕོག་གི་ལྷུ་ལག་བླུགས་པའི་ཟོག་འདྲེན་རླངས་འཁོར་མཚོ་བོད་གཞུང་ལམ་ནས་བསྐྱོད་པ། ལམ་བར་དུ་ཡོད་པའི་ཁྱིམ་ཚང་ཚང་མས་ལག་ཐོགས་ཁ་པར་ནས་ཕྱི་རོལ་གྱི་འཇིག་རྟེན་ཤེས་རྟོགས་བྱེད་པ་བཅས་ལ་དཔང་པོ་བྱས་ཡོད།

    ཁ་ལོ་བ་ཧན་ལགས་ཀྱིས“ལམ་ལ་འགྱུར་ལྡོག་ཕྱིན་ཡང་དེ་གའི་མི་རྣམས་ཀྱི་གཤིས་རྒྱུད་བཟང་པོར་འགྱུར་ལྡོག་ཕྱིན་མེད། དེ་གའི་མི་རྣམས་བབ་ཆགས་ལ་སེམས་བཟང་པོ་ཡོད་པས། མཚོ་བོད་གཞུང་ལམ་དུ་སྐྱོད་རིམ་བཞིན་ང་ལ་གཉེན་ཉེ་འཕྲད་པ་དང་ཁྱིམ་ཚང་དུ་སླེབས་པ་ལྟར་གྱི་ཚོར་སྣང་ཡོང་གི་འདུག”ཅེས་བཤད།

    གསར་འགོད་པའི་ཟིན་བྲིས།

    ཡངས་པ་ཅན་དུ་བཅར་འདྲི་བྱས་པ་བརྒྱུད་གནས་དེར་འགྱུར་ལྡོག་ཧ་ཅང་ཆེན་པོ་བྱུང་བ་ཚོར་བྱུང་། གནའ་བོའི་ས་ཚིགས་གྲོང་རྡལ་ཆུང་ངུ་ནས་ད་ལྟའི་ཆུ་ཚན་གྱི་ཡུལ་སྐོར་གནས་མཆོག་བར་ས་འོག་ཚ་ནུས་ཐོན་ཁུངས་ཀྱིས་ས་གཞི་ཆེ་མོར་དྲོ་སྐྱིད་སྦྱིན་པ་མ་ཟད། ས་གནས་དེ་གའི་གྲོང་མིའི་ཕྱུག་འགྱུར་ལམ་བུར་འོད་སྣང་ཡང་སྦྱིན་ཡོད། ཀརྨ་གྲགས་པའི་འདོད་མགུ་མགྲོན་ཁང་དེ་ཁྱིམ་ཚང་མགྲོན་ཁང་ཆུང་ངུ་ནས་ད་ཆ་མགྲོན་ཁང་ཆེན་པོར་འཕེལ་རྒྱས་ཕྱིན་པའི་བར་གྱི་འགྱུར་ལྡོག་ནི་ཡངས་པ་ཅན་གྱི་འཕེལ་རྒྱས་ཀྱི་བསྡུས་རིས་ཤིག་རེད། མཐིང་མདོག་ལྷ་ཡུལ་གྱི་ས་འོག་ཚ་ནུས་ཡུལ་སྐོར་ཁུལ་ལས་དེང་རབས་ཡུལ་སྐོར་དང་སྐྱེ་ཁམས་སྲུང་སྐྱོང་ཞི་མཐུན་མཉམ་གནས་ཀྱི་རྣམ་པ་མངོན་ཞིང་། བཅར་འདྲི་བྱེད་རིང་། ཁྱིམ་ཚང་སྐྱོང་ཆེད་ཆུང་དུས་ནས་ལས་ཀར་ཞུགས་མཁན་བཀྲ་ཤིས་མཚོ་འཕེལ་ཡིན་ནའང་འདྲ། ཡང་ན་སྐད་གྲགས་མེད་པར་ལེགས་སྐྱེས་འབུལ་མཁན་ཟོག་འདྲེན་རླངས་འཁོར་གྱི་ཁ་ལོ་བ་ཧན་ནུའུ་ཧའེ་ཡི་གཏམ་རྒྱུད་ཀྱིས་མི་རྣམས་ལ་སེམས་འགུལ་ཆེན་པོ་ཐེབས་ཡོད། དེ་གར་རང་བྱུང་ཁམས་ཀྱི་ངོ་མཚར་ལྡན་པ་མ་ཟད། མི་རྣམས་ལ་སྐུལ་ལྕག་བྱེད་པའི་འབད་འཐབ་དང་བརྩེ་སེམས་ཀྱང་མཆིས། འབྱུང་འགྱུར་ཡངས་པ་ཅན་འདི་ཉིད་ས་འོག་ཚ་ནུས་ལ་བརྟེན་ནས་དེ་བས་འཕེལ་རྒྱས་མྱུར་པོ་ཡོང་བའི་རེ་བ་ཡོད་ལ། ཡུལ་སྐོར་དང་སྐྱེ་ཁམས་ཀྱི་ཞི་མཐུན་མཉམ་གནས་ཁྲོད་ས་གཙང་དེའི་གདོད་མའི་རྣམ་པ་རྒྱུན་འཁྱོངས་ཐུབ་པའི་ཁར་དེང་རབས་ཤེས་དཔལ་གྱི་འོད་ཟེར་འཕྲོ་ཐུབ་པའི་རེ་བའང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།