མཚོ་དམག་དམག་གྲུའི་དཔུང་རུས་ཤང་ཀང་དུ་གྲུ་གཅལ་སྣེ་ལེན་འདུ་ཚོགས་འཚོགས་པ།
ཤིན་ཧྭ་གསར་འགྱུར་ཁང་ཤང་ཀང་ནས་ཟླ་11ཚེས་21ཉིན་གློག་འཕྲིན་འབྱོར་གསལ། ཚེས་21ཉིན་གྱི་སྔ་དྲོར། མཚོ་དམག་གི་ཧའེ་ནན་དམག་གྲུ་དང་ཁྲང་ཧྲ་དམག་གྲུ་ལས་གྲུབ་པའི་དཔུང་རུ་ཤང་ཀང་དུ་འབྱོར་ནས་དུས་ཡུན་ཉིན་5ཡི་འཚམས་འདྲིའི་བྱེད་སྒོ་སྤེལ་ཞིང་། ཚེས་21ཉིན་གྱི་དགོང་མོ་དཔུང་རུས་ཧའེ་ནན་དམག་གྲུའི་གྲུ་གཅལ་ཐོག་སྣེ་ལེན་འདུ་ཚོགས་འཚོགས་པ་རེད།
རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལེང་ཀྲེན་དབྱིང་དང་། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ལི་ཅ་ཁྲའོ། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གི་འབྲེལ་ཡོད་འཐུས་མི།ཤང་ཀང་དུ་བཅའ་སྡོད་ཀྲུང་དབྱང་སྒྲིག་གཞིའི་འབྲེལ་ཡོད་འགོ་ཁྲིད། ཤང་ཀང་དུ་བཅའ་སྡོད་དཔུང་སྡེ་དང་ཨའོ་མོན་དུ་བཅའ་སྡོད་དཔུང་སྡེའི་འགོ་ཁྲིད་སོགས་གདན་ཞུས་ལྟར་ཞུགས་ཡོད་པ་རེད།
གྲུ་གཅལ་སྣེ་ལེན་འདུ་ཚོགས་འཚོག་པ་ནི་མཚོ་དམག་དམག་གྲུའི་དཔུང་རུས་ཤང་ཀང་དུ་འཚམས་འདྲི་བྱེད་པའི་བྱེད་སྒོ་གལ་ཆེན་ཡིན་ཞིང་། 《མོ་ལི་མེ་ཏོག》དང་། 《ང་རང་ཀྲུང་གོར་དགའ》 《ང་རང་མཐིང་མདོག་གི་རྒྱ་མཚོར་དགའ》སོགས་ལྟད་མོ་ཆེ་བའི་རིག་རྩལ་འཁྲབ་སྟོན་དང་བསྟུན་ནས་མཚོ་དམག་དམག་གྲུའི་དཔུང་རུའི་དཔོན་དམག་དང་དེ་གར་ཡོད་པའི་སྐུ་མགྲོན་དབར་སྤེལ་རེས་བྱེད་པའི་རྣམ་པ་ཧ་ཅང་འཁྲུག་པོ་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། ཤང་ཀང་དུ་འཚམས་འདྲི་བྱེད་རིང་དཔུང་རུའི་དཔོན་དམག་ཚོས་ཤང་ཀང་དང་ཨའོ་མོན་གྱི་གྲོང་མི་དང་ཤང་ཀང་དུ་བཅའ་སྡོད་དཔུང་སྡེ་དང་སྤེལ་རེས་ཀྱི་བྱེད་སྒོ་མང་པོ་སྤེལ་རྒྱུ་དང་ཧའེ་ནན་དམག་གྲུ་དང་ཁྲང་ཧྲ་དམག་གྲུས་ད་དུང་དུས་ཡུན་ཉིན་གསུམ་གྱི་དམག་གྲུ་སྒོ་དབྱེ་བའི་བྱེད་སྒོ་སྤེལ་རྒྱུ་རེད།