རྒྱལ་ཁབ་ཤར་ལྷོ་ཁུལ་ཁོངས་འཕྲལ་སྡོམ་རོགས་སྐྱོབ་ལྟེ་གནས་ཕྱོགས་ཡོངས་ནས་བསྐྲུན་ཟིན་པ།
ཉེ་ཆར་ཀོང་ཏུང་ཞིང་ཆེན་ཁྲའོ་ཀྲོའུ་གྲོང་ཁྱེར་དུ་གནས་པའི་རྒྱལ་ཁབ་ཤར་ལྷོ་ཁུལ་ཁོངས་འཕྲལ་སྡོམ་རོགས་སྐྱོབ་ལྟེ་གནས་ཀྱི་འཛུགས་སྐྲུན་རྣམ་གྲངས་ཕྱོགས་ཡོངས་ནས་ལས་མཇུག་འགྲིལ་ཡོད། དེ་ནི་འཕྲལ་སྡོམ་དོ་དམ་པུས་རྒྱལ་ཡོངས་སུ་བཀོད་སྒྲིག་བྱས་པའི་ཁུལ་ཁོངས་འཕྲལ་སྡོམ་རོགས་སྐྱོབ་ལྟེ་གནས་6གི་གྲས་ཤིག་ཡིན་ཞིང་། དེས་ཤར་ལྷོའི་མཚོ་རྒྱུད་ས་ཁུལ་དང་ཐ་ན་རྒྱལ་ཡོངས་ཀྱིས་རྒྱ་མཚོའི་རླུང་འཚུབ་དང་། ཞོར་ཐོན་གནོད་འཚེ། བསྐྱར་ཐོན་གནོད་འཚེ་བཅས་ལ་ཁ་གཏད་གཅོག་པར་རམ་འདེགས་ཐུབ་རྒྱུ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། རྒྱལ་ཁབ་ཤར་ལྷོ་ཁུལ་ཁོངས་འཕྲལ་སྡོམ་རོགས་སྐྱོབ་ལྟེ་གནས་ཀྱིས“སྒྲིག་གཞི་གཅིག”སྟེ་ཁུལ་ཁོངས་འཕྲལ་སྡོམ་རོགས་སྐྱོབ་ལྟེ་གནས་སྤྱི་ཡོངས་ནས་བཙུགས་ཏེ་རྟེན་གཞིའི་རྒྱུན་གཏན་གྱི་འཛུགས་སྐྲུན་དང་། དོ་དམ། སྦྱོང་བརྡར། འགན་ལེན། བཀོད་འདོམས་མཐུན་སྦྱོར་བཅས་ཀྱི་འཕྲལ་སྡོམ་རོགས་སྐྱོབ་ལས་དོན་གྱི་འགན་འཁུར་རྒྱུ་དང་། “རྟེན་གཞི་བཞི”སྟེ་ཕྱོགས་བསྡུས་རོགས་སྐྱོབ་རྟེན་གཞི་དང་། གསོ་སྦྱོང་ནང་སྦྱོང་རྟེན་གཞི། དངོས་ཟོག་གྲབས་གསོག་རྟེན་གཞི། མཁའ་འགྲུལ་འགན་ལེན་རྟེན་གཞི་བཅས་ཀྱིས་འབྲེལ་ཡོད་ལས་འགན་ཁག་ལེགས་སྒྲུབ་བྱ་རྒྱུ་རེད།
རྣམ་གྲངས་བསྐྲུན་རྗེས་འདྲ་བཟོ་དང་། བདེ་འཇགས། གསར་གཏོད་བཅས་ཀྱི་འདྲ་བཟོའི་སྒྲིག་ཆས་དང་ཆེད་ལས་ཅན་གྱི་རོགས་སྐྱོབ་རྣམ་གྲངས་མཁོ་འདོན་བྱས་ཏེ། རོགས་སྐྱོབ་མི་སྣར་ཕྱི་རོལ་གནམ་གཤིས་ཀྱི་ཤུགས་རྐྱེན་མི་ཐེབས་པ་བྱས་ནས་ཉེན་ཁ་ཆུང་བ་དང་། མ་གནས་ཆུང་བ། ཕན་ནུས་ཆེ་བ་བཅས་ཀྱི་ལད་ཟློས་རོགས་སྐྱོབ་ནང་སྦྱོང་རྟག་ཏུ་བྱ་རྒྱུ་དང་། རྒྱ་མཚོའི་རླུང་འཚུབ་སོགས་ཀྱི་རང་བྱུང་གནོད་འཚེ་ཐོན་སྐབས་ཆ་འཕྲིན་རིག་ནུས་ཅན་གྱི་མ་ལག་དང་འཕྲལ་སྡོམ་རོགས་སྐྱོབ་མཁའ་འགྲུལ་སོགས་འཕྲལ་སྒྲུབ་སྐྱེལ་འདྲེན་མ་ལག་བརྒྱུད་ཐག་ཉེ་སར་མགྱོགས་མྱུར་དང་ལེན་དང་། ཆེད་ལས་རོགས་སྐྱོབ་སྒྲིག་འཛུགས། འཕྲལ་སྡོམ་ཐོན་ཁུངས་གཏོང་འདྲེན་བཅས་ཐུབ་རྒྱུ་རེད།