དབུ་ཤོག>གསར་འགྱུར།>མི་རིགས་མཐུན་སྒྲིལ།
  • མཐུན་སྒྲིལ་མེ་ཏོག་གང་སར་བཞད། བདེ་སྐྱིད་རྩ་བ་བརྟན་པོར་ཚུགས།

    —— རང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་ལ་སྐུལ་འདེད་ཤུགས་ཆེན་བཏང་བའི་སྐོར་གྱི་སྒྲིལ་གླེང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-11-24

    དྭངས་གཙང་གི་འཁྱགས་རོམ་དང་། སྔོ་ལྗང་གི་རྩྭ་ཐང་། གཡུ་མདོག་གི་མཚོ་མོ་སོགས་ཡོད་པའི་བརྗིད་ཆགས་ཡིད་དུ་འོང་བའི་གངས་ལྗོངས་ས་མཐོ་ནི་མཛེས་སྡུག་ལྡན་པའི་རི་མོ་ལྟར་སྣང་། གྲལ་སྟར་འགྲིག་པའི་བོད་བཟོའི་ཐོག་ཁང་ཆུང་ངུ་དང་། ཡིད་དབང་འཕྲོག་པའི་མི་རིགས་ཀྱི་གླུ་གར། ཕན་ཚུན་རོགས་རེས་བྱེད་པའི་ཁྱིམ་མཚེས་དབར་གྱི་འབྲེལ་བ་སོགས་གང་སར་མི་རིགས་ཁག་དབར་ཕན་ཚུན་མཛའ་ཞིང་བརྩེ་བའི་མི་སེམས་འགུལ་བའི་རྣམ་པ་མཐོང་ཐུབ།

    རང་རྒྱལ་གྱི་མཐའ་མཚམས་མི་རིགས་ས་ཁུལ་གལ་ཆེན་ཞིག་ཡིན་པའི་ངོས་ནས་བོད་དུ་བོད་རིགས་དང་། རྒྱ་རིགས། ཧུད་རིགས། ལྷོ་པ་རིགས། མོན་པ་རིགས་སོགས་མི་རིགས་40ལྷག་ཙམ་འཚོ་སྡོད་བྱེད་ཀྱི་ཡོད། མི་རིགས་ཁག་གི་མི་དམངས་ཕན་ཚུན་ཁྱིམ་ཚང་གཅིག་ལྟར་བརྩེ་ཞིང་སེམས་ནུས་གཅིག་ཏུ་བསྒྲིལ་ནས་མི་རིགས་མཐུན་སྒྲིལ་གྱི་གླུ་དབྱངས་མང་པོ་རྩོམ་གྱི་ཡོད་པ་རེད།

    ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་ཐོག་མཐའ་བར་གསུམ་དུ་ཏང་གི་མི་རིགས་ལས་དོན་གྱི་བྱེད་ཕྱོགས་དང་སྲིད་ཇུས་བློ་བརྟན་འགྱུར་མེད་ངང་ལག་བསྟར་དོན་འཁྱོལ་བྱས་ཐོག“དོན་ཆེན་བཞིར”དམིགས་པ་དང་། “འཛུགས་གཏོད་བཞིར”ཤུགས་རྒྱག་པ། “མོས་སེམས་ལྔ”རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་བ། འགོ་འཛུགས་ས་མཐོ་བ་དང་། ཚུགས་གནས་མཐོ་བ། ཚད་གཞི་མཐོ་བ་བཅས་ཀྱི་སྒོ་ནས་བོད་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འཆར་འགོད་དང་དེར་སྐུལ་འདེད་གཏོང་བ། མཐོང་རྒྱུ་ཡོད་པ་དང་། ཚོར་རྒྱུ་ཡོད་པ། ཕན་ནུས་ཡོད་པ་བཅས་ཀྱི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་བཙུགས་པས། མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ཕྱོགས་ཡོངས་ནས་ཡར་རྒྱས་ཕྱིན་ཏེ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད་པ་རེད། ས་མཐོའི་བུ་ཕྲུག་ཚོས་མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་གྱིས་ཐུན་མོང་ཐོག་བསྐྱར་དར་རླབས་པོ་ཆེའི་ཕུགས་འདུན་མངོན་འགྱུར་བྱས་པས། བདེ་སྐྱིད་ལྡན་པའི་འཚོ་བ་ནི་རབ་ཏུ་བཞད་པའི་སྐལ་བཟང་མེ་ཏོག་ཇི་བཞིན་རྣམ་པར་བཀྲ

    དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་བརྒྱབ་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་མི་སེམས་སུ་གཏིང་ཟབ་ཟུག་པར་བྱས་པ།

    “དེ་སྔ་མི་རིགས་མཐུན་སྒྲིལ་ཐད་ཀྱི་ཞིབ་ཕྲའི་ནང་དོན་མང་པོ་གསལ་པོར་ཤེས་ཀྱི་མེད། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་སློབ་གསོ་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་བ་དང་བསྟུན་ནས་ངས་ཏང་གི་མི་རིགས་སྲིད་ཇུས་གསལ་པོར་ཤེས་བྱུང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པར་མི་རིགས་མཐུན་སྒྲིལ་ནི་ངའི་སེམས་ནང་གི་ཐ་སྙད་ཙམ་མ་ཡིན་པར་རྒྱུན་གཏན་གྱི་འཚོ་བའི་ཁྲོད་མངོན་པའི་སྤྱོད་ཚུལ་ཞིག་ཏུ་གྱུར་སོང”ཞེས་ལྷ་སའི་གྲོང་མི་ལྷ་མོས་བཤད།

    ལོ་རེའི་ཟླ་དགུ་པ་ནི་རང་སྐྱོང་ལྗོངས་ཀྱི“མི་རིགས་མཐུན་སྒྲིལ་ཡར་ཐོན་དྲིལ་བསྒྲགས་ཟླ་བ”ཡིན། མི་རིགས་མཐུན་སྒྲིལ་ཡར་ཐོན་སློབ་གསོ་དེ་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭའི་སློབ་ཁང་དུ་སྤེལ་བ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྔོན་ཐོན་མཉམ་སྡེབ་དང་མི་སྒེར་ལ་གཟེངས་བསྟོད་ཤུགས་ཆེན་བྱེད་པ་སོགས་ཉེ་བའི་ལོ་ཤས་རིང་རང་ལྗོངས་ཀྱིས“ལྟ་བ་ལྔའི”སློབ་གསོ་དང་། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་སློབ་གསོ་སོགས་མུ་མཐུད་གཏིང་ཟབ་སྤེལ་བ་དང་། རྩ་ཁྲིམས་དང་། མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས། བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་སྲོལ་ཡིག་སོགས“ལོ་ལྔ་ཚན་བརྒྱད་པའི”བཅའ་ཁྲིམས་ཁྱབ་གདལ་བྱེད་ཁོངས་སུ་འཇུག་རྒྱུ་མཐའ་འཁྱོངས་བྱས་ནས་མི་རིགས་མཐུན་སྒྲིལ་དང་འབྲེལ་བ་ཡོད་པའི་བཅའ་ཁྲིམས་ཁྲིམས་སྲོལ་དང་སྲིད་ཇུས་ཀྱི་དྲིལ་བསྒྲགས་སློབ་གསོ་རྒྱ་ཁྱབ་སྤེལ་བ་རེད། དེ་དང་ཆབས་ཅིག་དྲ་རྒྱའི་དྲིལ་བསྒྲགས་གཡུལ་ས་རྒྱུན་མཐུད་སྟོབས་ཆེར་བཏང་སྟེ“སྤྱི་ཁྱབ་ཧྲུའུ་ཅིའི་ཞབས་རྗེས་སྙེག་པ”དང་། “ལག་གདང་སྦྲེལ་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་མཉམ་དུ་འཛུགས་གཏོད་བྱེད་པ” “མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་པ”སོགས་མི་རིགས་མཐུན་སྒྲིལ་གྱི་ཆེད་དོན་ཆེད་སྒྲིག་ལེ་ཚན་80ལྷག་ཙམ་བཟོས་པ་དང་། རྩོམ་ཡིག་གི་མ་ཟིན་སྣ་ཚོགས་ལྟ་ཀློག་བྱེད་ཚད་ཐེངས་གྲངས་དུང་ཕྱུར་31ལྷག་ཙམ་ཟིན་ཡོད་པ་རེད། རང་ལྗོངས་ཀྱིས《ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་རྐང་དང་འཐབ་ཇུས་རང་བཞིན་གྱི་ལས་འགན་དུ་བརྩིས་ནས་དུས་རབས་གསར་པའི་བོད་ཀྱི་མི་རིགས་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་རྒྱུར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་དང་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ལག་བསྟར་བསམ་འཆར》བཏོན་ཐོག “འདུ་འགོད་ཆེན་པོ་བཞི”དང“བྱ་སྤྱོད་དྲུག”དམ་འཛིན་བྱ་གཞིར་བྱས་ནས་བྱེད་ཐབས་དང་ལས་འགན་གལ་ཆེན་ཚང་མ་འབྲེལ་ཡོད་གྲོང་ཁྱེར་དང་ས་ཁུལ་དང་ཡང་ན་འབྲེལ་ཡོད་སྡེ་ཚན་ལ་ཁག་བགོས་བྱས་པ་མ་ཟད། དུས་ཐོག་ཏུ་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་བྱས་ནས་ལས་དོན་ཚང་མ་དོན་འཁྱོལ་ཐུབ་པ་དང་སྒྲུབ་ལན་ཡོད་པའི་འགན་ལེན་བྱས་པ་རེད།

    རིག་གནས་ཀྱི་མོས་སེམས་གཅིག་ཏུ་བསྒྲིལ་ནས་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་བསྐྲུན་པ།

    རིག་གནས་ནི་མི་རིགས་ཤིག་གི་བླ་སྲོག་ལྟ་བུ་ཡིན་པས་རིག་གནས་ཀྱི་མོས་སེམས་ནི་མི་རིགས་མཐུན་སྒྲིལ་གྱི་རྩ་བ་ལྟ་བུར་གྱུར་ཡོད། ཀྲུང་ཧྭ་མི་རིགས་མཐུན་སྒྲིལ་ཆེ་མོར་ཤུགས་སྣོན་རྒྱག་པའི་ཕུགས་འཆར་དང་གཞི་རྩ་ནི་རིག་གནས་ཀྱི་མོས་སེམས་ཟབ་ཏུ་བཏང་ནས་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་བསྐྲུན་ཏེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུར་སྐུལ་འདེད་གཏོང་རྒྱུ་དེ་རེད།

    ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དར་སྤེལ་འདུ་འགོད་དང་། རིག་གནས་བདུད་རྩིས“མཐའ་མཚམས་བརླན་པར”བྱེད་པའི་འདུ་འགོད། དུས་རབས་གསར་པའི་བོད་ཀྱི་རིག་རྩལ་གསར་རྩོམ་གྱི་སྤུས་ཚད་མཐོ་རུ་གཏོང་བའི་འདུ་འགོད་སོགས་ལག་བསྟར་གཏིང་ཟབ་བྱས་ནས“སྐལ་བཟང་མེ་ཏོག་བཞད་པ”ཞེས་པའི་དམིགས་བསལ་ལེ་ཚན་བཏོན་པ་དང་། གཏམ་བརྗོད་ཟློས་གར《སྐྱེ་མི་ཆོག་པའི་མི》དང་གླུ་གར《བོད་མི་དམངས་ཀྱི་བློ་ཁ་ཏང་ལ་ཕྱོགས་པ》ཞེས་པར་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་རིག་རྩལ་སྐོང་འཁྲབ་བྱེད་སྒོ་སྐབས་དྲུག་པའི“འཁྲབ་ཚན་རྩེ་གྲའི་བྱ་དགའ”དང“སྒྱུ་རྩལ་འཁྲབ་སྟོན་གྱི་བྱ་དགའ”ཐོབ་པ། བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོ་ཁང་དང་ཀྲུང་ཧྭའི་རིག་གནས་ཀྱི་བརྗོད་དོན་གཙོ་བོའི་སྤྱི་གླིང་སོགས་སྔ་རྗེས་སུ་བསྐྲུན་པ། གསར་བརྗེའི་རིག་གནས་ཤུལ་བཞག་དང་། གསར་བརྗེའི་རྗེས་ཤུལ། བོད་ས་གནས་དང་མེས་རྒྱལ་དབར་གྱི་འབྲེལ་བའི་ལོ་རྒྱུས་ཤུལ་བཞག་བཅས་138སྒོ་བྱང་བཀལ་ནས་བཙུགས་པ། རིག་གནས་དམངས་ཕན་འདུ་འགོད་གསར་གཏོད་ལག་བསྟར་བྱས་པ་དང་། རིམ་ལྔའི་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་བཙུགས་ཤིང་འཐུས་སྒོ་ཚང་དུ་བཏང་བ། རིག་རྩལ་ཆེད་གཉེར་དང་ཞོར་གཉེར་བ་མི་གྲངས་ཁྲི་10ལས་བརྒལ་བ། རིག་རྩལ་བརྩམས་ཆོས་དང་རིག་རྩལ་ཤེས་ལྡན་པར་རྒྱལ་ཁབ་དང་ཞིང་ཆེན་དང་པུའུ་རིམ་པའི་བྱ་དགའ་ཆེན་པོ་49ཐོབ་པ་བཅས་རེད།

    ལམ་ལུགས་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ལས་དོན་ལ་ཕན་འབྲས་དངོས་ཐོན་རྒྱུའི་འགན་ལེན་བྱས་པ།

    “2018ལོར། ང་རང་ལེའོ་ཉིང་ཞིང་ཆེན་ཧྥུའུ་ཤིན་གྲོང་ཁྱེར་གནམ་གཤིས་ལས་ཁུངས་སུ་ཚུད། ལོ་དེར་ང་དང་མཉམ་དུ་ལྗོངས་ཕྱིར་ལས་ཞུགས་བྱེད་པར་བསྐྱོད་པའི་མཐོ་སློབ་སློབ་ཐོན་སློབ་མ་200ལྷག་ཙམ་ཡོད། དེ་གར་ངས་བོད་དང་གཏན་ནས་མི་འདྲ་བའི་ཡུལ་སྲོལ་གོམས་གཤིས་ཟབ་མོ་དང་མེས་རྒྱལ་ཁྱིམ་ཚང་ཆེན་པོའི་དྲོ་སྐྱིད་ཚོར་བྱུང”ཞེས་2017ལོར་ནན་ཁྲང་བཟོ་རིག་སློབ་གླིང་ནས་ཐོན་པའི་མལ་གྲོ་གུང་དཀར་རྫོང་གུང་དཀར་གྲོང་རྡལ་རྒྱལ་བཟང་གྲོང་ཚོའི་བྱང་ཆུབ་སྒྲོལ་མས་བཤད།

    ཉེ་བའི་ལོ་ཤས་རིང་། མི་རིགས་ཁག་དབར་འགྲོ་འོང་དང་སྤེལ་རེས་མཉམ་འདྲེས་བྱེད་རྒྱ་ཉིན་རེ་བཞིན་ཆེ་རུ་འགྲོ་བཞིན་ཡོད། རང་སྐྱོང་ལྗོངས་མི་རིགས་ལས་དོན་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་བས“ང་ཚོས་སྔ་རྗེས་སུ་མི་280ཁག་བཞིར་བགོས་ནས་ལྗོངས་ཕྱིར་ལྟ་སྐོར་སྤེལ་རེས་དང་སློབ་སྦྱོང་བྱེད་པར་བཏང་ནས‘ས་མཐོའི་སེ་འབྲུ་དམར་པོའི’གྲངས་ཉུང་མི་རིགས་ལྟ་སྐོར་ཚོགས་པའི་སྤུས་རྟགས་གྲུབ་འབྲས་ཐོབ་པའི་ངང་བཏོད་ཡོད”ཅེས་ངོ་སྤྲོད་བྱས། དེ་དང་ཆབས་ཅིག་ང་ཚོས《བོད་རང་སྐྱོང་ལྗོངས་ཀྱི་གྲངས་ཉུང་མི་རིགས་ལྟ་སྐོར་ཚོགས་པའི་མཛུབ་ཁྲིད་བསམ་འཆར》བཟོས་ནས་བཀྲམ་སྟེ། སྤུས་རྟགས་དེ་མཉམ་སྐྲུན་དང་། མཉམ་སྤྱོད། མཉམ་སྤྱད་བཅས་བྱས་པ་དང་། 2024ལོའི་ལོ་སྟོད་ཁོ་ནར་ལྗོངས་ཕྱིར་སློབ་སྦྱོང་དང་། རྟོག་ཞིབ། སྤེལ་རེས་བཅས་བྱེད་པར་སྐྱོད་མཁན་གྲངས་ཉུང་མི་རིགས་ལྟ་སྐོར་ཚོགས་པའི་མི་ཐེངས་2000ལྷག་ཙམ་ཟིན་ཡོད་པ་རེད།

    རང་ལྗོངས་ཀྱིས《བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་འཆར་འགོད(2021ལོ་ནས་2025ལོ་བར)》དང་དེའི་ལེ་ལག་ཚང་བའི་སྲིད་ཇུས་བཟོས་ནས་བཏོན་པ་དང་། རང་སྐྱོང་ལྗོངས་ཀྱིས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་ལ་ཤུགས་རྒྱག་པའི་ཆེད་དོན་ཚོགས་ཆུང་བཙུགས་ནས་དཔེ་བཟང་ཁུལ་འཛུགས་གཏོད་ལ་སྤྱི་འདོམས་སྐུལ་འདེད་གཏོང་བར་འདེགས་སྐྱོར་ནུས་ལྡན་བྱས་ཡོད། ལམ་ལུགས་མ་ལག་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་བ་དང་ལས་ཀའི་བྱེད་ཐབས་གསར་གཏོད་བྱས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་འཛུགས་གཏོད་ལ་སྐུལ་འདེད་ཏན་ཏིག་བཏང་ཡོད། མིག་སྔའི་བར། གྲོང་ཁྱེར(ས་ཁུལ)7ཚང་མ་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་གྲོང་ཁྱེར(ས་ཁུལ)ལ་བཏོད་ནས་འཛུགས་གཏོད་དམིགས་ཚད་ལོ་གཉིས་སྔ་སྣུར་དུ་ལེགས་གྲུབ་བྱུང་ཞིང་། རྫོང(ཆུས་དང་གྲོང་ཁྱེར)30རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་རྫོང(ཆུས་དང་གྲོང་ཁྱེར)དུ་བཏོད་པ་དང་། ཚན་པ་54ལ་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཚན་པའི་མིང་བཏགས་པ། ཚན་པ་8ལ་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སློབ་གསོའི་རྟེན་གཞིའི་མིང་བཏགས་པ། ཚན་པ་668ལ་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཚན་པའི་མིང་བཏགས་པ་བཅས་བྱས་ནས་རྣམ་པ་ཟབ་མོ་བཏོད་པ་དང་ཕན་འབྲས་མངོན་གསལ་དོད་པོ་ཐོབ་པར་བྱས་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།