གོང་གི་དུས་ཚིགས་གསུམ་རིང་བོད་ཀྱི་ཕྱི་ཕྱོགས་ཚོང་དོན་ལ་བཀྲག་མདངས་མངོན་པ།
ལྷ་ས་འགག་སྒོ་ལས་ཁུངས་ཀྱིས་བསྡོམས་རྩིས་བརྒྱབ་པར་གཞིགས་ན། དུས་ཚིགས་དང་པོ་ནས་གསུམ་པའི་བར། བོད་ཀྱི་ཕྱི་ཕྱོགས་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན་ཁྱོན་སྒོར་དུང་ཕྱུར་84.36ཟིན་པ་དེ་དུས་མཚུངས་ལས(གཤམ་མཚུངས)10.2%འཕར་ནས་འཕར་ཚད་རྒྱལ་ཡོངས་ཀྱི་ཆུ་ཚད་ལས་མཐོ་བ་ཡོད་ཅིང་། དེའི་ནང་ཕྱིར་གཏོང་བྱེད་ཚད་སྒོར་དུང་ཕྱུར་74.55ཟིན་ནས་4.2%འཕར་བ་དང་། ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་9.81ཟིན་ནས་96.3%འཕར་ཡོད།
རྒྱལ་སྤྱིའི་དཔལ་འབྱོར་ཚོང་དོན་མཉམ་ལས་ཁྲོད་བོད་ཀྱི་དམངས་གཉེར་ཁེ་ལས་ཀྱི་གསོན་ཤུགས་ཆེན་པོ་མངོན་ཞིང་། དུས་ཚིགས་དང་པོ་ནས་གསུམ་པའི་བར། བོད་ཀྱི་དམངས་གཉེར་ཁེ་ལས་ཀྱིས་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་83.14ཟིན་ནས་11.4%འཕར་བ་དེས་དུས་མཚུངས་ཀྱི་བོད་ཀྱི་ཕྱི་ཕྱོགས་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན(གཤམ་མཚུངས)གྱི་98.5%བཟུང་བ་དང་འཕར་ཚད་བོད་ཀྱི་ཕྱི་ཕྱོགས་ཚོང་དོན་གྱི་བརྒྱ་ཆའི་གྲངས་1.2ལས་མཐོ་བ་ཡོད་པས། བོད་ཀྱི་ཕྱི་ཕྱོགས་ཚོང་དོན་འཕར་བར་སྐུལ་ཁྲིད་བྱེད་པའི་སྒུལ་ཤུགས་གཙོ་བོར་གྱུར་ཡོད།
སྒོ་དབྱེའི་ལས་སྟེགས་ཀྱི་ནུས་པ་རྒྱུན་མཐུད་བཏོན་ཞིང་། དུས་ཚིགས་དང་པོ་ནས་གསུམ་པའི་བར། ལྷ་སའི་དཔལ་འབྱོར་གསར་སྤེལ་ཁུལ་དང་དེ་བཞིན་ཕྱོགས་བསྡུས་སྒོ་ཁྲལ་མེད་ཁུལ་གྱི་ཕྱིར་གཏོང་ནང་འདྲེན་གྱི་བསྡོམས་འབོར་སྒོར་དུང་ཕྱུར་33.21ཟིན་པ་དེས་བོད་ཀྱི་ཕྱི་ཕྱོགས་ཚོང་དོན་གྱི་སྤྱིའི་རིན་ཐང་བསྡོམས་འབོར་གྱི་40%བཟུང་ནས་བོད་ཀྱི་ཕྱི་ཕྱོཌ་ཚོང་དོན་གྱི་འཕེལ་རྒྱས་ལ་འདེགས་སྐྱོར་ནུས་ལྡན་བྱས་ཡོད།
ཚོང་ཟོག་འབོར་ཆེན་ནང་འདྲེན་བྱེད་ཚད་བརྟན་པོའི་ངང་འཕར་ཞིང་། དུས་ཚིགས་དང་པོ་ནས་གསུམ་པའི་བར། བོད་ཀྱི་འབོར་ཆེན་ཚོང་ཟོག་ནང་འདྲེན་བྱེད་ཚད་ལྡབ་17.4འཕར་ཡོད། དེའི་ནང་རྡོ་སོལ་སོགས་ནུས་རྒྱུའི་ཐོན་རྫས་ཏུན་71.18ཡོད་པ་དང་། རྩ་ཆེའི་ལྕགས་རིགས། ཟངས། ཏི་ཚ་སོགས་ལྕགས་རིགས་གཏེར་བྱེ་ཏུན་2.51ཡོད་པ་རེད།