གནམ་གཤིས་འགྱུར་ལྡོག་གི་བརྟག་དཔྱད་ལས་ལ་གཞོལ་བ།
—— འཛམ་གླིང་གི་ས་བབ་མཐོ་ཤོས་ཀྱི་བྱང་སྐར་སྤུན་བདུན་བར་སྣང་འཚོལ་ཞིབ་ས་ཚིགས་འཛུགས་ཚུལ་ལ་ཕྱིར་ལྟ་བྱས་པ།
འདི་ལོའི་ཟླ་9ཚེས་4ཉིན་གྱི་ཞོགས་པའི་ཆུ་ཚོད་7དང་སྐར་མ་15ཙམ་ལ། དཔལ་མགོན་རྫོང་གནམ་གཤིས་ཅུས་ཀྱི་ལས་དོན་པས་ལྟ་ཞིབ་ཚད་ལེན་ལས་འགན་གྱི་ལྒང་ཕུ་ཐོག་མ་གློད་པ་ལས། འཛམ་གླིང་གི་ས་བབ་མཐོ་ཤོས་ཀྱི་མི་ཡོད་གནམ་གཤིས་རང་འགུལ་ས་ཚིགས་ཀྱི་བྱང་སྐར་སྤུན་བདུན་བར་སྣང་འཚོལ་ཞིབ་ཀྱི་ལས་འགན་དངོས་སུ་འགོ་ཚུགས་པ་མཚོན་ཞིང་། བྱང་སྐར་སྤུན་བདུན་བར་སྣང་འཚོལ་ཞིབ་ས་ཚིགས་བེད་སྤྱོད་དང་འཁོར་སྐྱོད་བྱས་པ་ནས་བཟུང་། ས་ངོས་ཀྱི་གནམ་གཤིས་ལྟ་ཞིབ་ཚད་ལེན་དེ“ས་ངོས་དང་བར་སྣང་མཐོན་པོ་ཟུང་དུ་འབྲེལ་བའི”མཉམ་སྒྲུབ་ཀྱི་གནམ་གཤིས་ལྟ་ཞིབ་ཚད་ལེན་དུ་གྱུར་ནས། བྱང་ཐང་གི་བར་སྣང་མཐོན་པོའི་གནམ་གཤིས་གྲངས་གཞིའི་དཔྱད་གཞིའི་སྟོང་ཆ་ནུས་ལྡན་ངང་གསབ་ཐུབ་པ་བྱུང་ཡོད།
དཔལ་མགོན་རྫོང་གནམ་གཤིས་ཅུས་ཀྱི་ལས་དོན་པ་ཟླ་རྒོད་དང་དགྲ་འདུལ་རྒན་པས་ལྒང་ཕུ་གློད་པའི་ནང་ཞུགས་ཤིང་། ཁོང་གཉིས་པོས་ལག་པ་གློད་པ་དང་ཆབས་ཅིག་འགྱིག་གི་ལྒང་ཕུ་དཀར་པོ་ཆེན་པོ་ཞིག་འཕྲལ་མར་ནམ་མཁའི་མཐོངས་སུ་འཕུར་ཏེ་མཐར་སྤྲིན་གསེབ་ཏུ་ཡལ་བར་གྱུར། ཞོགས་པའི་ཉི་གཞོན་གྱི་ཟེར་བརྒྱ་ཐོག་མར་འཕྲོ་བའི་སྐབས། བར་སྣང་འཚོལ་ཞིབ་ཀྱི་ཡོ་ཆས་བསྒར་བའི་ལྒང་ཕུ་དཔལ་མགོན་གྱི་མཁའ་དབྱིངས་སུ་འཕུར་ནས་སྤྲིན་གསེབ་ཏུ་ཆུ་ཚོད་1དང་སྐར་མ་05བསྐྱོད་རྗེས་ས་ངོས་ནས་མཐོ་ཚད་སྨི་4706ནས་སྨི་31680བར་གྱི་གནམ་གཤིས་ཀྱི་གྲངས་གཞི་བཏང་ཡོང་བ་རེད།
“ལས་གནས་སུ་ཡོད་མཁན་ཚང་མས་ད་རེས་ཀྱི་ལས་དོན་མཇུག་མ་འགྲིལ་བར་བསྡད་དེ་བརྙན་ཤེལ་ངོས་ཀྱི་བརྡ་རྟགས་བརྟན་པ་དང་། གྲངས་གཞི་བློས་འགེལ་ཆོག་པ། མཐོ་ཚད་བསམ་དོན་བཞིན་བྱུང་བ་བཅས་མཐོང་སྐབས་ཚང་མའི་ངོ་གདོང་ལ་རྒྱལ་ཁ་དང་གྲུབ་འབྲས་ཀྱི་དགའ་ཚོར་གྱིས་ཁེངས་སོང”ཞེས་དགྲ་འདུལ་རྒན་པས་ཕྱིར་དྲན་བྱེད་བཞིན་དུ་བཤད།
དཔལ་མགོན་གྱི་བྱང་སྐར་སྤུན་བདུན་བར་སྣང་འཚོལ་ཞིབ་ས་ཚིགས་བེད་སྤྱོད་དང་འཁོར་སྐྱོད་བྱས་པ་ནས་བཟུང་། བོད་ཀྱི་བར་སྣང་མཐོན་པོར་འཚོལ་ཞིབ་ས་ཚིགས་ཀྱི་དྲ་བའི་ཁེབས་ཚད་དང་འཚོལ་ཞིབ་གྲངས་གཞི་གནད་དུ་འཁེལ་ཚད་མུ་མཐུད་མཐོ་རུ་སོང་ནས་མཚོ་བོད་ས་མཐོར་གློག་དམར་འཁྱུག་པ་དང་། རླུང་ཆེན་ལྡང་བ། དྲག་ཆར་འབབ་པ་སོགས་ཀྱི་ཤུགས་འབྲིང་ཆུང་གི་གནམ་གཤིས་མ་ལག་ལ་རྗེས་འདེད་དང་ལྟ་ཞིབ་ཚད་ལེན་བྱེད་ནུས་ཆེ་རུ་ཕྱིན་ནས་ས་མཐོའི་མཚོ་མཚེའུ་ཚོགས་སུ་ཆར་ཆུ་འབབ་ཚད་ཤུགས་ཆེར་འགྲོ་ཚུལ་དང་ས་མཐོའི་དམའ་སའི་རླུང་འཁོར་བྱུང་ཚུལ་སོགས་ལ་ཞིབ་འཇུག་བྱེད་པར་དོན་སྙིང་ཆེན་པོ་ལྡན་པ་དེས། སྔོན་བརྡ་གཏོང་རྒྱུ་གནད་ལ་འཁེལ་ཚད་མཐོ་རུ་ཕྱིན་ནས་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་དང་། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྲུན་འགན་ལེན་གྱི་ལས་དོན་སྔར་བས་ཡག་པོ་བསྒྲུབ་རྒྱུར་ཚན་རིག་དང་མཐུན་པའི་གྲངས་གཞིའི་འདེགས་སྐྱོར་ཐུབ་རྒྱུར་ཕན་པ་ཡོད་པ་རེད།
ཟླ་9ཚེས་4ཉིན་ལྒང་ཕུ་ཐོག་མར་གློད་རྗེས། སྒྲིག་ཆས་ལ་ཁྱོངས་ཡོངས་ནས་ལྟ་ཞིབ་ཚད་ལེན་བརྟན་པོ་དང་བློས་འགེལ་ཐུབ་པ་འོང་ཆེད། ཟླ་9ཚེས་5དང་ཚེས་6ཉིན་བསྟུད་མར་སྔ་དགོང་གཉིས་ཀར་ལྟ་ཞིབ་ཚད་ལེན་གྱི་ལྒང་ཕུ་ཐེངས་3གློད་པ་རེད། ལྟ་ཞིབ་ཚད་ལེན་དང་རྩིས་ལེན་ཉིན་གསུམ་བྱས་པ་བརྒྱུད། བྱང་སྐར་སྤུན་བདུན་བར་སྣང་འཚོལ་ཞིབ་ས་ཚིགས་གསར་དུ་བཙུགས་པའི་དཔལ་མགོན་གནམ་གཤིས་ཅུས་ཀྱི་བྱེད་ནུས་ཁག་གི་ཚད་གཞི་ཚང་མ་ལྟ་ཞིབ་ཚད་ལེན་དང་རྩིས་ལེན་བྱེད་པའི་བླང་བྱ་དང་མཐུན་ཡོད་པ་མ་ཟད། ལས་དོན་པས་བྱང་སྐར་སྤུན་བདུན་བར་སྣང་འཚོལ་ཞིབ་ལས་སྒོའི་ལས་རིམ་བྱང་ཆུབ་པོས་ཁོང་དུ་ཆུད་ནས་རྗེས་མའི་ཚོད་ལྟ་འཁོར་སྐྱོད་དང་ལྟ་ཞིབ་ཀྱི་ལས་སྒོར་རྨང་གཞི་ཡག་པོ་ཞིག་འདིང་ཐུབ་ཡོད་པ་རེད།
ནག་ཆུ་གྲོང་ཁྱེར་དཔལ་མགོན་རྫོང་གནམ་གཤིས་ཅུས་ཀྱི་ལས་འགན་གཙོ་བོ་འཁུར་མཁན་ཅུས་ཀྲང་གཞོན་པ་པད་མ་རྡོ་རྗེས། དཔལ་མགོན་གྱི་གནམ་གཤིས་ལས་དོན་པས་གོང་རིམ་སྡེ་ཚན་གྱི་ཐུགས་ཁུར་དང་མཛུབ་སྟོན་འོག་དོ་དམ་ཚད་ལྡན་དུ་གཏོང་བ་དང་། ཉམས་མྱོང་ཕྱོགས་སྡོམ་ལ་ཤུགས་སྣོན་ཟམ་མི་ཆད་པར་བརྒྱབ་ནས་གནམ་གཤིས་ལ་ལྟ་ཞིབ་ཚད་ལེན་དང་ཚན་རིག་དང་མཐུན་པའི་ངང་ཞིབ་འཇུག་མུ་མཐུད་ཡག་པོ་བྱས་ཏེ། ས་བབ་མཐོ་བའི་ས་ཁུལ་གྱི་གནམ་གཤིས་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་སྐུལ་འདེད་ཟམ་མི་ཆད་པར་གཏོང་རྒྱུ་ཡིན་ཞེས་བཤད་པ་རེད།